国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུས་བཞིའི་མེ་ཏོག།

དཔྱིད་དཔལ་སླེབ་དུས།

མཚོ་མོའི་དར་ཁ་ཕྱེས་ཤིང་།

འཇམ་པོའི་ངག་ལ་སྙན་འཇེབས་ལྡན།

དཔྱིད་ཀའི་ཉི་འོད་ཀྱི་མེ་ལོང་ནང་ན།

གསར་དུ་འབུས་པའི་ཁྱོད་ཀྱི་ལང་ཚོ་ནི།

ལོ་ཟླ་གསར་པ་ཞིག་གི་དབུ་འབྱེད་པའི།

རྟེན་འབྲེལ་གྱི་ཁ་གཡང་ཐོག་མ་དེ་ཡང་ཡིན།

དབྱར་ཟླ་བཞི་པར།

ནམ་མཁའ་གཡའ་དག་ཅིང་།

ས་གཞི་རྡུལ་དག།

བསིལ་འཇམ་གྱི་དྲི་བཞོན་དལ་བུར་ལྡང་དུས།

དབྱར་གསུམ་སྦྲང་ཆར་གྱི་ཟེགས་མ་མཁའ་ནས་འཐོར།

ལྗང་མདོག་གི་དུས་ཚིགས་འདིར།

སྨུག་ལོང་བན་བུན་ཁྲོད་ནས།

དབྱར་ཟླ་བཞི་པའི་མཛེས་སྡུག་དང་ལྷན།

ཁྱོད་ཀྱི་ལང་ཚོ་ཡོངས་སུ་སྨིན།

སྟོན་ཀ་སླེབ་དུས།

སྟོན་གསུམ་འབྲུ་དྲུག་སྙེ་མའི་འགོ་ལྕོག་ལྡེམ་ལྡེམ་བྱས་ཤིང་།

དྲོད་འཇམ་གྱིས་སྟོན་རླུང་ལྡང་ཐེངས་རེ་རེས།

གསེར་མདོག་གི་སྡོང་ལོ་དག་ས་ལ་ཐོར།

འདི་ཡང་སྟོན་ཀའི་མཛེས་ཉམས་ངོམ་སྟངས་ཤིག་ཡིན་སྲིད་ཀྱང་།

ལྗང་མདོག་གི་ཚེ་སྲོག་བོར་བའི་ཁྱོད་ཉིད།

སྔར་ཡོད་མྱོང་མེད་པའི་ཁེར་རྐྱང་གི་སྣང་བ་ཞིག

ཐོལ་གྱིས་ལྡང་།

དགུན་གསུམ་ཁ་བའི་འདབ་མ་ལྷབ་ལྷུབ་གཡོ་ཞིང་།

གྲང་ངར་ལྷགས་རླུང་རྩུབ་མོ་དེས།

ཁྱོད་ཀྱི་ལང་ཚོ་ཡོངས་སུ་བཅོམ།

ཁ་བ་རྒོད་ས་ན།

གྲང་རླུང་འཚུབ་ས་ན།

སྐྱ་སད་དུ་གྱུར་བའི།

ཁེར་རྐྱང་གི་རྣམ་ཤེས་ཤིག་ལ་སྐྱོ་ཡུས་ཤིན་ཏུ་མོད།

མདོར་ན།

དུས་བཞིའི་མེ་ཏོག

དུས་ཚིགས་རེས་མོས་ཀྱི་ལྟེབས་ཁུག་ན།

ཁྱོད་ནི།

འཆར་ཡན་གྱི་ཐུམ་སྒྲིལ་བྱས་པའི་

བྱིས་སྒྲུང་གི་འཇིག་རྟེན་ཞིག་དང་འདྲ།

གལ་སྲིད། དུས་བཞིའི་འགྱུར་ལྡོག་གི་ཆོས་ཉིད་མེད་ན།

ཁྱོད་ནི་ནམ་ཡང་སྡིག་སྒྲིབ་ཀྱིས་མ་གོས་པའི་

མཛེས་སྡུག་དང་ལྷན་དུ་བཞད་ཡོད་ངེས།

ཀྱེ་མ།

རྟག་བརྟན་གྱི་རང་གཤིས་དབེན་པའི་ཁོར་ཡུག་འདི་ནས།

ཡིད་རྟོན་འདི་སུ་ལ་བཅོལ།

༼ མེ་ཆར། ༽