国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གླུ་ངེས་འབྱུང་མ།

རྣམ་རྟོག་སྤྲོས་འཛིན་ཞིག་པའི་ལྡིང་ཁང་གི་དབུས་ནས།།

ཀུན་རྫོབ་སྒྱུ་མར་ཞེན་པའི་འདུ་འབྲལ་གྱི་སྣང་ཚུལ།།

སྐྱབས་ཅིག་དྲིན་ཆེན་བླ་མའི་ཐུགས་རྗེ་ཡི་ཚོམ་ནས།།

སྐལ་ལྡན་ངེད་ཅག་མགོན་དུ་དགྱེས་ཞལ་ལྟར་ངོམས་ཤིག །

གཉུག་མའི་རང་གཤིས་འགུལ་བའི་འཆར་སྣང་གི་སྤྲིན་ཕུང་།།

འདོད་འབྱུང་རོལ་མོ་འཁྲོལ་བའི་རྟེན་འབྱུང་གི་སྣང་བ།།

ཡིད་འཛིན་རྣམ་པར་ཕྱེ་བའི་གཤིས་ལུགས་ལ་གསོན་དང་།།

བདེ་ཆེན་རོ་མཉམ་ལྟ་བའི་དགོངས་ཡངས་སུ་ཆས་འགྲོ།།

ཀུན་རྟོག་འགྱུ་བ་ཕྲ་བའི་བྱིན་རླབས་རང་སྩོལ་བའི།།

ཏིང་འཛིན་བདེ་དྲོད་འཕྱུར་བའི་ཉམས་རྟོགས་ཀྱི་ན་བུན།།

འོད་གསལ་གཤིས་ཀྱི་གནས་ལུགས་རྗེན་པ་རུ་ཤར་ནས།།

བློ་འདས་རྫོགས་པ་ཆེན་པོའི་གསེང་ལམ་ལ་ཆས་འགྲོ།།

ཆོས་ཀུན་རྟེན་འབྱུང་རིག་པའི་སྣང་ཚུལ་ནས་འབྱུང་བ།།

སྤྲོས་འཛིན་མཐའ་རུ་བཀག་པའི་སྤྲོས་པ་འདི་ཞི་ནས།།

མཚན་འཛིན་ཕྲ་རགས་བཀག་པའི་སྟོང་ཆ་རང་མིན་པའི།།

འོད་གསལ་ཕྱག་རྒྱ་ཆེན་པོའི་ལམ་ཆེན་ནས་ཆས་འགྲོ།།

སྣང་བའི་ཡོད་འཛིན་ལྟ་བའི་ཚད་གྲུབ་ཀྱི་སྙིང་པོ།།

མེད་པའི་མེད་མཐའ་ལྟ་བའི་མེད་སྣང་གི་ལྟ་བ།།

གང་ལ་ཞེན་པ་མེད་པའི་ཕྱོགས་བྲལ་ལ་བརྩོན་ནས།།

མཐའ་བྲལ་དབུ་མ་ཆེན་པོའི་མྱུར་ལམ་ལ་བསྙེག་འགྲོ།།

ཐབས་ཤེས་དབྱེར་མེད་བསྒོམ་པའི་ཟུང་འཇུག་ལ་རོལ་བ།

སྣང་སྟོང་གཅིག་ཆར་འདྲེས་པའི་ཉམས་ལེན་ལ་བརྩོན་པའི།།

ལྟ་བ་ལྷ་དང་མཉམ་པའི་དགོངས་ཀློང་གི་དབྱིངས་ནས།།

སྣང་སྲིད་དག་པ་ཆེན་པོའི་སྣང་ཚུལ་ལ་ཆས་འགྲོ།།

ཕྱག་རྫོགས་དབུ་གསུམ་ལྟ་བའི་ཉམས་ལེན་ལ་སྐྱོང་བཞིན།།

ཀུན་རྟོག་བག་ཡངས་རྒྱུ་བའི་དབེན་རི་ལ་ཆས་རན།།

འཁོར་འདས་སྒྱུ་མར་ལྟ་བའི་སྤྱོད་ཤེས་ཤིག་འཚོལ་བཞིན།།

རྣམ་རྟོག་ཆོས་སྐུ་ཤར་བའི་དབེན་རི་ལ་ཆས་འགྲོ།།

བྱར་མེད་ཞེ་ཐག་ཆོད་ནས་ངེས་འབྱུང་གིས་བསྐུལ་ཏེ།།

བདེ་སྟོང་ཆང་གླུ་ལེན་བཞིན་འོད་གསལ་གྱི་དབྱིངས་ལ།།

འཕོ་འགྱུར་བདེ་བ་ཆེན་པོའི་ངང་ཉིད་ལ་བལྟས་ནས།།

ཆོས་ཉིད་ཐུགས་ཀློང་རྩེན་པའི་ཁང་བཟང་ལ་འདྲེས་ཤོག །

དོན་མེད་ཚེ་འདིར་འཁོར་བའི་བྱ་གཞག་དེ་སྤངས་ནས།།

སྙིང་པོ་ཆོས་ལ་བསྐུལ་བའི་རང་ངོ་རེ་འཕྲོད་ཅིག །

རིང་པོ་འདུག་ཡུན་མེད་པའི་སྣང་ཚུལ་ལ་གཟིགས་དང་།།

མི་རྟག་འགྱུར་བའི་བརྡ་ལ་ངེས་ཤེས་ཤིག་འཚོལ་ཨང་།།

༼ ཁམས་པ་རབ་དབྱངས། ༽