国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ཉི་ཤུ་སོང་ རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུང་ཕྱུར1ལས་བརྒལ།

ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་སྤྱི་ཟླ6པའི་ཚེས30ཉིན་གློག་འཕྲིན་འབྱོར་གསལ། ཚེས30ཉིན་གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་པ་དང་དབོར་གཉེར་བྱས་ནས་ལོ20རིང་ལ་ཁྱོན་བསྡོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུང་ཕྱུར1.04དང་དངོས་ཟོག་ཏུན་དུང་ཕྱུར8.24ལ་ཟིན་ཞིང་། མཚོ་བོད་མཐོ་སྒང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐྱེལ་འདྲེན་གྱི་འདེགས་སྐྱོར་བརྟན་པོ་མཁོ་སྤྲོད་བྱས་པ་རེད།

མཚོ་བོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ1956ཡོད་པ་དང་།མཚོ་སྔོན་ཟི་ལིང་ནས་བོད་ལྗོངས་ལྷ་ས་བར་ཡིན་ཞིང་།དེ་ལས་ན་གོར་མོ་ནས་ལྷ་ས་བར2006ལོའི་ཟླ་བ7པའི་ཚེས1ཉིན་ནས་

མེ་འཁོར་ཤར་གཏོང་ཐུབ་པས་བོད་ལྗོངས་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། མེ་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་ལམ་ཐིག་དུ་ཉེན་མེད་བརྟན་བརླིང་གི་འཁོར་སྐྱོད་རྒྱུན་འཁྱོངས་ནས་སྐྱེལ་འདྲེན་གྱི་ཕན་ནུས་མུ་མཐུད་དེ་ཆེ་རུ་ཕྱིན་ཡོད།

ལོ20ཡི་རིང་ལ་མཚོ་བོད་ལྕགས་ལམ་གྱི་འགྲུལ་ཟོག་སྐྱེལ་འདྲེན་བྱེད་ཚད་མཆོང་སྐྱོད་ལྟ་བུར་འཕར་ནས་ས་ཁོངས་འཁོར་རྒྱུག་རྣམ་པར་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད། ཐོག་མར་བོད་མཚོ་ལྕགས་ལམ་དུ་ཉིན་རེར་འགྲུལ་སྐྱེལ་མེ་འཁོར་ཆ5བཏང་བ་དང་། ད་ཆ་རྒྱུན་རྣམ་ཅན་དུ་བསྐྱར་དར་རྟགས་ཅན་གྱི་སྒུལ་ཤུགས་མེ་འཁོར་དང་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་སོགས་མེ་འཁོར་རིགས་སྣ་ཚོགས་བཏང་སྟེ། འགྲུལ་པས་འགྲོ་འོང་མྱོང་རོལ་རྒྱུན་མཐུད་ངང་རིམ་སྤོར་བྱུང་ནས་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ཤིང་། ལམ་རྒྱུད་ས་ཚུགས་ཁག་གཅིག་གི་མཐའ་འཁོར་དུ་དཔལ་འབྱོར་འཕར་སྣེ་གསར་པ་ཞིག་རིམ་བཞིན་ཆགས་པ་རེད། བོད་ལྗོངས་སུ་འདྲེན་པའི་དངོས་རྫས་དེ་ངར་ལྕགས་རྒྱུ་ཆ་དང་ཨར་འདམ།འབྲུ་རིགས་སོགས་ཐོན་སྐྱེད་དང་འཚོ་བའི་རྒྱུ་ཆ་གཙོ་བོར་བྱས་ཏེ། འཁྱག་རྫས་མཚོ་ཟས། གློག་རྡུལ་ཚོང་དོན་གྱི་མགྱོགས་སྦྲག།བཟོ་ལས་ཐོན་རྫས་སོགས་སྣ་མང་ཅན་གྱི་ཐོན་རྫས་རིགས་རྒྱ་ཆེར་བཏང་སྟེ། མཐོ་སྒང་གི་ཟོག་གོང་བརྟན་པོ་ཡོང་བའི་འགན་ལེན་ནུས་ལྡན་བྱས་ནས་མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་ཐོན་ལས་རིམ་སྤོར་ལ་འགུལ་ནུས་ཆེན་པོ་བསྣན་པ་རེད།

མཚོ་བོད་ལྕགས་ལམ་གཙོ་བོར་བྱས་པའི་མཐོ་སྒང་གི་ལྕགས་ལམ་དྲྭ་རྒྱ་དེས་མིག་སྔའི་བར་མཚོ་བོད་མཐོ་སྒང་གི་ལྕགས་ལམ་དབོར་གཉེར་ལམ་ཚད་སྤྱི་ལེ4000ལས་བརྒལ་བ་དང་།ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་གཉིས་ཀྱིས་འཕེལ་རྒྱས་ཀྱི་གཤོག་ཟུང་གྲུབ་པ་དང་།མཐོ་སྒང་གི་ལྕགས་ལམ་སྒྲོམ་གཞི་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་ཕྱིན་ཡོད།།

( བདེ་ཆེན་གྱིས་བསྒྱུར།)