国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤྱི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བརྒྱ་ཆ18.8འཕར་ཡོད།

ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བསྒྲགས་པའི་གྲངས་གཞི་ལས་མངོན་པར། སྤྱི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར31439.6མངོན་འགྱུར་བྱུང་བ་དང་།ན་ལོའི་དུས་མཉམ་ལས་བརྒྱ་ཆ18.8འཕར་ཡོད། སྤྱི་ཟླ་དང་པོ་ནས་བཞི་པའི་བར་བརྒྱ་ཆའི་གྲངས0.6མྱུར་དུ་ཕྱིན་ཡོད་པ་རེད།

རིགས་ཆེན་པོ་གསུམ་གྱི་ཐད་ནས་བལྟས་ན་གཏེར་འདོན་ལས་རིགས་བརྒྱ་ཆ33.5འཕར་བ་དེ་སྤྱི་ཟླ་དང་པོ་ནས་བཞི་པའི་བར་བརྒྱ་ཆའི་གྲངས7.5མྱུར་དུ་ཕྱིན་པ་དང་། བཟོ་སྐྲུན་ལས་རིགས་བརྒྱ་ཆ20.0འཕར་བ། གློག་ཤུགས་དང་ཚ་ཤུགས། འབར་རླངས་བཅས་དང་ཆུའི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་བརྒྱ་ཆ2.7ཆག་ཡོད། སྤྱི་ཟླ5པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་ན་ལོའི་དུས་མཉམ་ལས་བརྒྱ་ཆ21.1འཕར་ཡོད།

གློག་རྡུལ་ལས་རིགས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པ། གོ་ལ་ཧྲིལ་པོའི་མི་རིག་ཤེས་ནུས་ལག་རྩལ་འཕོ་འགྱུར་བྱུང་བ་ལས་རྩིས་ཤུགས་འདུས་སྙིང་དང་གསོག་འཛིན་འདུས་སྙིང་རྩེ་གྲའི་དགོས་མཁོ་ཆེ་རུ་ཕྱིན་པ་དང་།གློག་རྡུལ་ལས་རིགས་ཀྱི་ཁེ་སྤོགས་མྱུར་དུ་འཕར་བར་བསྐུལ་ཏེ།སྤྱི་ཟླ་དང་པོ་ནས་ལྔ་པའི་བར་གློག་རྡུལ་ལས་རིགས་ཀྱི་ཁེ་སྤོགས་བརྒྱ་ཆ103.9འཕར་བས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ཀྱི་ཁེ་སྤོགས་འཕར་བར་བྱས་རྗེས་བཞག་ཚད་བརྒྱ་ཆ43.1ལ་ཟིན་ཡོད།

མ་རྒྱུ་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་མྱུར་དུ་འཕར་ཡོད། སྤྱི་ཟླ་དང་པོ་ནས་ལྔ་པའི་བར་གཞི་ཁྱོན་ཡན་གྱི་མ་རྒྱུ་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་ན་ལོའི་དུས་མཉམ་ལས་བརྒྱ་ཆ83.1འཕར་ཏེ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས10.2འཕར་བར་སྐུལ་ཁྲིད་བྱས་ཡོད། ལས་རིགས་ནས་བལྟས་ན། ནུས་རྒྱུ་གསར་པ་དང་མི་རིག་ཤེས་ནུས་སོགས་གསར་དར་ཐོན་ལས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཟངས་དང་ཧ་ཡང་སོགས་ཐོན་རྫས་ཀྱི་རིན་གོང་མཐོ་ཙམ་དུ་རྒྱུན་འཁྱོངས་ནས་ལས་རིགས་ཁེ་སྤོགས་བརྒྱ་ཆ117.1འཕར་བར་བསྐུལ་ཏེ། རྡོ་སྣུམ་ཐོན་ལས་འཁོར་འབྲེལ་གྱི་འབྲེལ་ཡོད་ཐོན་རྫས་ཀྱི་རིན་གོང་འཕར་བའི་སྐུལ་འདེད་འོག། རྡོ་སྣུམ་ལས་སྣོན་ལས་རིགས་ན་ལོའི་དུས་མཉམ་ལས་གྱོང་སེལ་ཁེ་སྒྱུར་དང་རྫས་འགྱུར་བཟོ་ལས་ཀྱི་ལས་རིགས་ཁེ་སྤོགས་བརྒྱ་ཆ71.6འཕར་ཡོད།

ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་གྲངས་གནས་གཉིས་འཕར་བར་རྒྱུན་འཁྱོངས་པ། སྤྱི་ཟླ་དང་པོ་ནས་ལྔ་པའི་བར་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་ན་ལོའི་དུས་མཉམ་ལས་བརྒྱ་ཆ44.7འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས8.0འཕར་བར་སྐུལ་ཁྲིད་བྱས་ནས་སྣེ་ཁྲིད་ནུས་པ་རྒྱུན་མཐུད་ངང་མངོན་གསལ་དོད་པོ་བྱུང་ཡོད།། ( བདེ་ཆེན་གྱིས་བསྒྱུར།)