国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བློ་དཀར་གྱི་བླ་སྲོག་སྐྱོང་བ་དང་འགག་སྒྲོལ་གྱི་ནུས་པ་ཞུན་བརྡར། ཏང་སྐྱོང་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ། མཁས་པའི་རྗེས་སྙེག་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ དཀར་མཛེས་ཁུལ་ཁྱོན་ཡོངས་ནས་སྐྲུན་ཆེད་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

( པར་ངོས་དང་པོར་མཐུད།)

ཀྲའོ་པོ་ཡིས་གསུང་བཤད་གནང་སྐབས་ཁུལ་ཨུའི་ཚབ་མཛད་ནས་གཟེངས་བསྟོད་ཐོབ་པའི་གུང་ཁྲན་ཏང་མི་ཕུལ་བྱུང་དང་། ཏང་དོན་ལས་དོན་པ་ཕུལ་བྱུང་། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་ཞུས་ཤིང་། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་མི་རྒྱ་ཆེན་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད།

ཀྲའོ་པོ་ཡིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ནི་དཀར་མཛེས་ཁུལ་གྱིས་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་བྱེད་པའི་འགག་རྩའི་དུས་མཚམས་ཤིག་ཡིན་པས། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་གོ་སྐབས་སུ་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྔོན་ཐོན་དཔེ་མཚོན་དུ་བྱས་ནས་སྔོན་ཐོན་སྟོབས་ཤུགས་རྒྱུད་འཇགས་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྒུལ་ནུས་བསྡུས་ནས་དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་གནས་བབ་གསར་པ་ཤུགས་ཡོད་རྒུས་བསྐྲུན་དགོས། བློ་དཀར་གྱི་བླ་སྲོག་མཐའ་གཅིག་ཏུ་བརྟན་པོར་སྐྱོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་འགུགས་བླ་སྐྱོང་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་དང་།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱ་དགོས། དངོས་སྒྲུབ་འགན་འཁུར་ཕོད་པ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དང་། སྦག་མེད་ནུས་རྒྱུ་མཁོ་སྤྲོད་བྱ་ཡུལ་གལ་ཆེན། དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི་བཅས“འགན་འཁྲི་དང་ལས་འགན་ཆེན་པོ་གསུམ”བསྒྲུབ་རྒྱུར་དམ་པོར་དམིགས་ཏེ། ཐོན་ལས་དམ་འཛིན་ཤུགས་ཆེན་དང་ལས་གཞི་དམ་འཛིན་ཤུགས་ཆེན། ཚོང་འགུགས་ལས་དོན་དམ་འཛིན་ཤུགས་ཆེན་བཅས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོར་བྱས་ནས། སྦག་མེད་གློག་རྩིས་དང་མཁའ་དམའ་དཔལ་འབྱོར་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བྱས་རྗེས་མང་ཙམ་འབུལ་དགོས། དམངས་ལ་བདེ་སྐྱིད་སྐྲུན་པའི་བསམ་ཤུགས་ཆེ་རུ་བཏང་ནས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཏེ། དམངས་ཕྱུག་གི་ཐབས་ཇུས་མང་ཙམ་འདོན་པ་དང་དམངས་ཕན་གྱི་བྱ་བ་མང་ཙམ་བསྒྲུབས་ནས་སློབ་གསོ་དང་འཕྲོད་བསྟེན། རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། དཀར་མཛེས་ཁུལ་མཉམ་དུ་ཕྱུག་འགྱུར་ཡོང་བའི་ལམ་བུར་རྗེས་སུ་མི་ལུས་པ་དང་དམིགས་ས་ཡོད་པར་འགན་ལེན་བྱ་དགོས། སྒྲིག་ཁྲིམས་དང་སྤྱོད་ཚུལ་དམ་ནན་བཟོས་ནས་ཏང་གི་སྒྲིག་ཁྲིམས་དང་གཏན་འབེབས་ཁག་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་། ཏང་གི་སྲོལ་རྒྱུན་གཟི་བརྗིད་ལྡན་པ་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས། ཁུལ་ཡོངས་ཀྱི་ལས་བྱེད་པའི་སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པར་བསྐུལ་དགོས་ཞེས་ནན་གསུང་གནང་བ་རེད།།

( བདེ་སྐྱིད་དང་བདེ་ཆེེན་གྱིས་བསྒྱུར།)