国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གོང་རིམ་གྱི་སྲུང་སྐྱོང་འོག་གནའ་གྲོང་གི་རིན་ཐང་མངོན།

ཁམས་ལི་ཐང་རྫོང་སི་ཁྲོན་ཞིང་ཆེན་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་དུ་ཚུད་པའི་སྐོར།

ཁམས་ལི་ཐང་རྫོང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་མཚོ་འཕགས་སྨི4014.19ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ14352ཡོད་ཅིང་། རྫོང་སྲིད་གཞུང་མཐོ་གྲོང་གྲོང་རྡལ་དུ་ཆགས་ཡོད། རྒྱུན་སྡོད་མི་གྲངས་ཁྲི་བདུན་ལྷག་ཡོད་ཅིང་བོད་རིགས་དང་རྒྱ་རིགས། སོག་རིགས་སོགས་མི་རིགས་དགུ་འཚོ་སྡོད་བྱེད་བཞིན་ཡོད། རྒྱལ་བ་བདུན་པ་བསྐལ་བཟང་རྒྱ་མཚོ་དང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་འཁྲུངས་ཡུལ་ཡིན། ལི་ཐང་རྫོང་ལ་རྟ་རྩལ་གྱི་ཕ་ས་དང་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བོ་འདུལ་བའི་ཕ་ས། གེ་སར་གྱི་མི་རྒྱུད་དར་ས། རྟ་ཐོག་གི་མི་རིགས། ཁམས་པའི་ཕོ་རྒོད་འདུ་གནས་བཅས་ཀྱི་མཚན་སྙན་ཡོད། ལི་ཐང་ཞེས་པའི་མིང་གི་འབྱུང་ཁུངས་ཀྱི་བཤད་སྲོལ་གཅིག་ནི་ལི་ཆུའི་སྟོད་རྒྱུད་དུ་ཡོད་པའི་ཐང་ཆེན་དེ་ལ་ཟེར་བ་དང་། བཤད་སྲོལ་གཞན་ཞིག་ནི་ལིའི་མེ་ལོང་དང་མཚུངས་པའི་ཐང་ཆེན་དེ་ལ་ཟེར་བ་རེད། ལི་ཆུ་ནི་ཉག་ཆུའི་ཆུ་ལག་སྟེ་མུ་ལི་རང་སྐྱོང་རྫོང་ནས་ཉག་ཆུར་འབབ། ལི་ཐང་འབུམ་ར་ཞེས་པའི་རི་བོ་གྲགས་ཅན་དང་། འབུམ་ཡག་ཐང་། མདོ་སྡེ་ཐང་སོགས་མིང་གྲགས་ཆེ། ཤར་ན་བྲག་དཀར་གནས་རི་དང་། ལྷོ་ན་སོག་དུང་གནམ་ལྕགས་ཕྲ་མོ། ནུབ་ན་དགེ་བསྙེན་གནས་རི། བྱང་ན་རྨ་ཆེན་འབུམ་ར་སོགས་ཀྱིས་བསྐོར་ནས་ཡོད། གནའ་སྔ་མོ་ནས་བཟུང་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཀྱི་གནའ་བོའི་ཇ་འདྲེན་བདལ་ལམ་གྱི་ཚོང་འདུས་གལ་ཆེན་ཞིག་ཡིན་པ་དང་། ཐང་རྒྱལ་རབས་ནས་བཟུང་ཇ་འདྲེན་བདལ་ལམ་གྱི་གྲོང་རྡལ་གལ་ཆེན་ཞིག་ཏུ་གྱུར་ཡོད། རང་ཁུལ་གྱི་ཁམས་ལྷོ་ཕྱོགས་ཀྱི་ལྟེ་གནས་གྲོང་ཁྱེར་ཞིག་ཡིན་པའི་རྫོང་འདིར་ཁམས་ལྷོའི་རིག་གནས་ལྟེ་གནས་དང་། ཚོང་དོན་ལྟེ་གནས། ཡུལ་སྐོར་བསྡུ་འགྲེམ་ལྟེ་གནས་བཅས་གཞི་གཅིག་ཏུ་འདུས་ཡོད།

ཉེ་ཆར། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དངོས་སུ་བཀའ་ལན་གནང་ནས། ལི་ཐང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་དུ་གཏན་འཁེལ་བྱས་པ་རེད།

《བཀའ་ལན》ནང་བསྟན་དོན། ལི་ཐང་རྫོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པས། མི་རིགས་མཐུན་སྒྲིལ་དང་འགྲོ་འོང་སྤེལ་རེས་ཀྱི་ལོ་རྒྱུས་ཀྱི་དཔང་པོ་གལ་ཆེན་ཞིག་ཡིན་པ་དང་། སྲོལ་རྒྱུན་གྱི་རྣམ་པ་དང་རིག་གནས་ཤུལ་བཞག་ཉར་ཚགས་བྱས་ཡོད་ལ། རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད། རྫོང་ཡོངས་ལ་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ21དང་། ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོ41ཡོད་པ་དེ་དག་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་པ་དང་། ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་སྲང་ལམ2ཡོད་པ་དེ་དག་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས། ས་ཁོངས་ཡོངས་སུ་རིག་གནས་ཡུལ་སྐོར་ཐོན་ཁུངས་གནས5231ཡོད་པ་དེ་དག་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད། ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཤུལ་བཞག་གིས་ལི་ཐང་རྫོང་ལ་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པོ་བཞག་ཡོད། མིང་རྒྱལ་རབས་སྐབས་སུ་བཞེངས་པའི་ལི་ཐང་དགོན་ཆེན་ནི་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་ཡིན་པ་དང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ9དང་། ཁུལ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ7། རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ20། སྤྱིར་བཏང་རིག་དངོས150བཅས་ཡོད།

ཉེ་བའི་ལོ་ཤས་རིང་། ལི་ཐང་རྫོང་གིས་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་དུ་རེ་ཞུ་བྱ་རྒྱུ་གོ་སྐབས་སུ་བཟུང་ནས་ལོ་རྒྱུས་རིག་གནས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ངོས་འཛིན་དང་སྲུང་སྐྱོང་དོ་དམ་བྱས། གཟིམས་ཁང་གནའ་གྲོང་དང་ཐི་ར་རྙིང་པ་གཉིས་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཁྲོམ་ལམ2ལ་གཏན་ཁེལ་བྱས་པ་དང་། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་འཛུགས་སྐྲུན་དངོས་པོ11གཏན་ཁེལ་བྱས་ནས་རིས་འགོད་ཡིག་ཚགས་བཟོས་པ་དང་། ལོ་རྒྱུས་གྲོང་ཁུལ་ནང་གི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དང་ལོ་རྒྱུས་འཛུགས་སྐྲུན་དངོས་པོ་ཁྱོན་བསྡོམས14ཡོད།《ལི་ཐང་རྫོང་གི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་སྲུང་སྐྱོང་འཆར་འགོད》དང་དེ་བཞིན་ལོ་རྒྱུས་རིག་གནས་སྲང་ལམ2ཀྱི་སྲུང་སྐྱོང་འཆར་འགོད་བཟོས་ནས། 《ལི་ཐང་རྫོང་གི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་སྲུང་སྐྱོང་དོ་དམ་བྱེད་ཐབས》འཆར་ཟིན་བཀོད་དེ། རྫོང་སྡོད་ཁང་དང་གྲོང་ཡུལ་འཛུགས་སྐྲུན་ཅུས་དེ་སྲུང་སྐྱོང་དོ་དམ་སྡེ་ཁག་ཏུ་གཏན་ཁེལ་བྱས།

སྲུང་སྐྱོང་ཉམས་གསོ་དང་བེད་སྤྱོད་གསོན་ཤུགས་འཕེལ་བ་སོགས་ཀྱི་ཐད་ལ། ལི་ཐང་རྫོང་གིས་རྙིང་པ་སླར་གསོ་དང་བེད་སྤྱོད་ཀྱི་བསམ་བློ་མཐའ་འཁྱོངས་ནས། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི8000ལྷག་བཏང་ནས་གཟིམས་ཁང་གནའ་གྲོང་གི་སྲང་ལམ་བསྒྱུར་བཀོད་དང་རིམ་སྤོར་བྱས། མ་དངུལ་སྒོར་ཁྲི1000ལྷག་བཏང་ནས་ཐི་ར་རྙིང་པའི་ལོ་རྒྱུས་རིག་གནས་ཁྲོམ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བར་བསྐུལ། གཟིམས་ཁང་གནའ་གྲོང་གི་སྲུང་སྐྱོང་ཁྱབ་ཁོངས་སུ་ཀྱག་ཀྱོག་ཏུ་གནས་པའི་གནའ་བོའི་སྲང་ལམ་དང་། སྲོལ་རྒྱུན་འཛུགས་སྐྲུན་ཉར་ཚགས་ཡག་པོ་བྱས་པ་དང་། ས་གནས་དེ་གའི་འཛུགས་སྐྲུན་ཉམས་གསོ་དང་། རིག་གནས་མཛེས་ལྗོངས། ཚོང་ལས་ནང་འཇུག་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་གནའ་བོའི་སྲང་ལམ་འདི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལམ་ཐིག་སྟེང་གི་ལོ་རྒྱུས་རིག་གནས་མྱོང་རོལ་བྱ་ཡུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཤིག་ཏུ་གྱུར། འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་བོད་ཀྱི་སྲོལ་རྒྱུན་འདུས་སྡོད་ཁུལ“དུད་སྟོང་བོད་སྡེ”ལ་བརྟེན་ནས། ལི་ཐང་རྫོང་གིས་ཁམས་པའི་དངོས་མང་བཤམས་སྟོན་ཁང་དང་། 318ཡུལ་སྐོར་དྲན་རྟེན་དངོས་མང་བཤམས་སྟོན་ཁང་། ལྷ་མོ་ཟློས་གར་དངོས་མང་བཤམས་སྟོན་ཁང་སོགས་མྱོང་རོལ་རྣམ་པའི་དངོས་མང་བཤམས་སྟོན་ཁང10བསྐྲུན་ནས“བོད་འབྲེལ་ས་ཁུལ་གྱི་རིག་གནས་བརྒྱ་འདུ”ལྟ་བུའི་གསོན་ཉམས་ལྡན་པའི་སྲུང་སྐྱོང་དཔེ་སྟོན་བྱས་ཡོད་པ་རེད།

གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་གྱི་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད་ལ། མིག་སྔར་རྫོང་ཡོངས་ལ་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས11དང་། ཁུལ་རིམ་པའི40། རྫོང་རིམ་པའི25བཅས་ཁྱོན་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས76ཡོད། དེ་བཞིན་ཞིང་ཆེན་རིམ་པ་དང་ཁུལ་རིམ་པ། རྫོང་རིམ་པ་བཅས་ཀྱི་ཚབ་མཚོན་རང་བཞིན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ138གཏན་ཁེལ་བྱས་ཡོད། ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བཟོ་གྲྭ5བསྐྲུན་པ་དང་། བཟོ་གྲྭ་དེ་དག་གིས་བཟོས་པའི་ཐོན་རྫས་དག་ཐེ་ལན་དི། ལ་ཝོ་སི། མ་ལེ་ཞི་ཡ་སོགས་རྒྱལ་ཁབ10ལྷག་ལ་ཕྱིར་འཚོང་བྱེད་བཞིན་ཡོད། ལི་ཐང་རྟ་རྒྱུག་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲོང་བརྒྱ་སྒྱུ་རྩལ་བརྒྱ་ཡི་ཁྱད་ཆོས་སྤུས་རྟགས་སུ་བདམས་ཐོན་བྱུང་།

《བཀའ་ལན》ནང་དུ་དཀར་མཛེས་ཁུལ་དང་ལི་ཐང་རྫོང་གིས་རིག་གནས་ཤུལ་བཞག་གི་ནང་དོན་དང་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ནས་སྲུང་སྐྱོང་གི་རྩ་དོན་དང་གཙོ་གནད་ཁ་གསལ་བཟོ་བ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་བསྣན་ཏེ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་དང་དར་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ལི་ཐང་གི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་འཆར་འགོད་དང་རིག་དངོས་སྲུང་སྐྱོང་སོགས་ཀྱི་ཆེད་དོན་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་ཡག་པོ་བྱས་ནས། སྲུང་སྐྱོང་དོ་དམ་གཏན་འབེབས་དང་ལག་བསྟར་ནན་པོ་བྱས་ཏེ། སྲུང་སྐྱོང་བྱ་ཡུལ་སྣ་ཚོགས་ཀྱི་གསལ་ཐོ་བཟོ་བ་དང་སྲུང་སྐྱོང་གི་ནང་དོན་དང་བླང་བྱ། འགན་འཁྲི་བཅས་ཁ་གསལ་བཟོ་དགོས། གྲོང་ཁྱེར་འཛུགས་སྐྲུན་དང་ལོ་རྒྱུས་རིག་གནས་ཐོན་ཁུངས་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་གྲོང་ཁྱེར་གྱི་རྣམ་པ་དང་ཁྱད་ཆོས་ལ་དོ་སྣང་བྱས་ཏེ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་སྲུང་སྐྱོང་བེད་སྤྱོད་ཧུར་ཐག་བྱས་ནས་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་གྲོང་ཡུལ་འཛུགས་སྐྲུན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ལོ་རྒྱུས་རིག་གནས་ཀྱི་ཁྲོམ་ཁུལ་སྲུང་སྐྱོང་ཉམས་གསོ་བྱ་རྒྱུ་དང་། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་། མི་འཚོ་སྡོད་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱ་དགོས། གནས་སྤོ་མི་ཐུབ་པའི་རིག་དངོས་དང་། ལོ་རྒྱུས་ལྡན་པའི་འཛུགས་སྐྲུན་དང་སྲོལ་རྒྱུན་གྱི་རྣམ་པ་ལྡན་པའི་འཛུགས་སྐྲུན་བཅས་སྲུང་སྐྱོང་ཉམས་གསོ་བྱ་རྒྱུར་མཐོང་ཆེན་བྱས་ནས་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱིས་སྒོ་འབྱེད་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏང་དགོས། གྲོང་ཁྱེར་གྲགས་ཅན་འདིའི་ཁོར་ཡུག་དང་རྣམ་པ་སོགས་དང་མི་མཐུན་པའི་འཛུགས་སྐྲུན་བྱ་མི་ཆོག། གནས་སྤོ་ཐབས་མེད་པའི་རིག་དངོས་དང་ལོ་རྒྱུས་ཀྱི་འཛུགས་སྐྲུན་དངོས་པོར་གཏོར་སྐྱོན་གཏོང་བ་དང་རང་དགར་གནས་སྤོ་དང་བཤིག་པ་བཅས་བྱ་མི་ཆོག་ཞེས་བསྟན་ཡོད་པ་རེད།

ལི་ཐང་རྫོང་གིས་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་གྱི་ཆོག་མཆན་ཐོབ་པ་དེ་འགོ་འཛུགས་ས་གསར་པར་བྱས་ནས། ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་འཆར་འགོད་དང་རིག་དངོས་སྲུང་སྐྱོང་སོགས་ཆེད་དོན་འཆར་འགོད་ལག་ལེན་བསྟར་ཏེ། ལོ་རྒྱུས་རིག་གནས་ཤུལ་བཞག་རྩ་ཆེན་རྣམས་དུས་རབས་གསར་པར་གསོན་ཤུགས་གསར་པ་རྒྱས་པར་བྱ་རྒྱུའི་ཕྱོགས་འབད་པ་བླ་ལྷག་ཏུ་བསྐྱེད་རྒྱུ་ཡིན་པ་རེད།།

( ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།)