国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་བརྩམས་གཏམ་དཔེ།

མགོ་ཐོག་བཀུར་རྒྱུ་སྒོར་མོ།

རྐང་འོག་བརྫི་རྒྱུ་རྒྱུ་འབྲས།

འབྲི་མར་སེར་པོ་གཞན་ལ་བཙོངས།

ཤིང་མར་སོབ་སོབ་རང་གིས་བཟས།

ལག་ཤེས་པ་ཅན་ཚོ་དམན་པར་བརྩི་བ་འདི།

བོད་རྗེས་ལུས་ཐེབས་པའི་རྒྱུ་མཚན་ཡིན་ནམ་ཅི།

ཕོ་ཨ་གསར་ཅན་གྱིས་དོན་མི་བསྒྲུབ།

དམན་ཕྲག་དོག་ཅན་ལ་སེམས་སྡུག་མང་།

མི་འཇོན་དཔོན་གནས་བཟུང་བ་དེ།

རང་སྡུག་རང་གིས་ཉོས་པ་རེད།

གཞུང་སྒོར་ཐར་ས་མི་འདུག།

ལྟག་སྒོ་བརྒྱུད་དེ་ཕེབས་རོགས།

འདོད་པ་ཆེ་བ་ལས་ཕུགས་བསམ་རིང་བ་དགའ།

ལྐོག་ལྐོག་སུབ་སུབ་ཀྱིས་རང་དོན་སྒྲུབ། དམར་དམར་རྗེན་རྗེན་དུ་གཞན་སྐྱོན་འཚོལ།

ཁ་དགྲ་བསགས་པ་དོན་ཆུང་རེད།

ལྐོག་མདའ་འཕངས་ན་སྡིག་ཉེས་ཆེ།

བླ་མ་རྒྱ་ཡུལ་འགྲིམས།

བཙུན་ཆུང་སྲང་ལ་འཁྱམས།

རང་དོན་སྒྲུབ་པར་འཆུག་པ་མེད།

གཞན་སྐྱོན་གླེང་བར་ཐོགས་པ་མེད།

འདོད་པ་དང་ཕུགས་བསམ་གཅིག་པར་མ་བརྩི།

འདོད་པས་ཕུང་ཡང་ཕུགས་བསམ་གྱིས་མི་ཕུང་།

ཁང་པ་རླངས་འཁོར་ཚེ་གཅིག་དམིགས་འདུན་རེད།

དམིགས་འདུན་དེ་ལས་མེད་ན་སྐྱོ་བོ་རེད།

བླ་མས་ཆུ་འགོ་ནས་ཚེ་ཐར་གཏོང་རྐྱང་དང་།

ཉ་པས་ཆུ་གཞུག་ཏུ་ལྕགས་ཀྱུ་འཕེན་རྐྱང་རེད།

བཟས་པའི་བཅུད་ཡིན་དང་གནོད་པའི་

དུག་ཡིན་ཤོད་དཀའ།

རླུང་རྟ་དར་མིན་སུ་ཡིས་ཤེས།

རི་འགོར་དར་ལྕོག་ཕུང་པོ་ཆགས།

ར་བཟིའི་ཁ་ན་དྲང་གཏམ་ཡོད།

དྭངས་ན་དྲང་གཏམ་ཤོད་མཁན་དཀོན།

༼ ས་སྐྱ་བ་བསོད་ཚེ། ༽