国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕུགས་བསམ།

སྟོང་བསམ་འཁོར་ལོའི་ནང་གི་མེ་ཏོག་རྐང་གཅིག།

ཡིད་ཀྱི་རེ་འབྲས་འཁྲུངས་སའི་སྙིང་ཁྲག་དམར་པོ།།

འཛུམ་གྱི་དྭངས་མ་རེ་ལ་སེམས་འདུན་ཕྱོགས་ནས།།

ན་གཞོན་ཕུགས་བསམ་ཟེར་བ་ཡང་ཡང་བཙལ་ཡོད།།

དགའ་སྡུག་ཕྱོགས་རིས་ཅན་གྱི་གཏམ་དག་མ་ཉན།།

མཐོང་སྣང་ཡག་བཙོག་རེ་འགས་སེམས་པ་མ་བསླུ།།

ཕུགས་བསམ་རིང་མོ་ཞིག་ལ་སེམས་པ་ཐོགས་པས།།

རྨི་ལམ་འདི་ལ་དབྱངས་ཀྱི་མཛེས་ཉམས་དཀྲིས་ཡོད།།

སྒྱུ་འཕྲུལ་སྣང་བའི་ཁམས་སུ་གླུ་དབྱངས་ལེན་པའི།།

སྟོང་བསམ་རྨི་ལམ་རིང་མོར་ལག་པས་འཆང་མཁན།།

འཁོར་བའི་གྲོང་ལ་ཚིག་གི་རི་མོར་ཕབ་མཁན།།

འདི་ལ་ཕུགས་བསམ་འཚོལ་བའི་གཞོན་ནུ་ཟེར་གདའ།།

བརྩོན་འགྲུས་གོ་ཆ་གྱོན་པའི་རང་ཚུགས་བརྟན་པོ།།

བསམ་པའི་ཕུགས་འདུན་མ་བོར་གཤིས་ཀ་བཟང་པོ།།

འཚོལ་སྙེག་ཡིད་ཀྱི་རེ་འབྲས་མ་རྫོགས་བར་དུ།།

རྨི་ལམ་ཡང་ཡང་རྨིས་པའི་ན་གཞོན་སྣང་བ།།

བཟང་ངན་གཏམ་གྱི་ཁུར་པོ་ཐེགས་པའི་ནུས་སྟོབས།།

དཀའ་སྡུག་ལུས་ཀྱིས་བཟོད་བའི་སེམས་སྟོབས་ཅན་དེ།།

འཇིག་རྟེན་འཁོར་བའི་ནང་གི་གླུ་པ་ཡིན་རེད། །

རིགས་མཐུན་གཞོན་ནུའི་ཁྲོད་ཀྱི་རྒྱན་ཆ་ལོས་ཡིན།།

ན་གཞོན་སྣང་བ་མཐོ་བ་དར་མའི་གཤིས་རེད།།

གཟི་བརྗིད་གཞན་དང་མི་འདྲ་རྫིག་ཉམས་ཡོད་རེད།།

མཐོང་སྣང་མིག་གི་ཡུལ་དུ་ཡག་བཙོག་མི་བཤད།།

གཤིས་ཀ་མཁྲང་པོ་འདི་ལ་རང་ཚུགས་ཟེར་གདའ།།

སྙན་ངག་རེ་རེས་མི་སེམས་བསླུ་བྲིད་བཏང་བཞག །

དུང་བའི་མཚོ་མོའི་ནང་དུ་ཨུཏྤལ་འཁྲུངས་སོང་།།

དབྱངས་ཀྱི་མུ་ཏིག་བཏགས་པའི་སྣང་བ་གསོན་པོ།།

དགུང་སྔོན་ནམ་མཁའ་ལས་ཀྱང་ཁོད་ཡངས་ཆེ་བ།།

བསོད་ནམས་རླུང་རྟ་མཐོ་བའི་གཞོན་ནུ་ཆུང་ཆུང་།།

མི་སེམས་ཁྱོད་ལ་ཤོར་བའི་གཏམ་རྒྱུད་རིང་མོ།།

ཐོས་འདོད་རྣ་བའི་ཡིད་ཀྱི་བདུད་རྩི་ཡིན་སོང་།།

ཁ་ལས་རླུང་རྟ་དར་བའི་རྟགས་མཚོན་ཡིན་སྙམ།།

སྣང་བ་སྤྲིན་དཀར་བཞིན་དུ་གང་སར་ལྡང་བའི།།

རང་སེམས་རང་ལ་དབང་བའི་གཞོན་ནུ་ཆུང་ཆུང་།།

ཉམས་འགྱུར་སྣང་བརྙན་རེ་རེ་མིག་ལ་མཛེས་སོང་།།

སྣང་བའི་གར་སྟབས་མངོན་ཤོག་རིགས་མཐུན་གཞོན་ནུ།།

གཞོན་པའི་ལང་ཚོ་དབྱར་གྱི་མེ་ཏོག་ཡིན་ན།།

གསེར་སྦྲང་ཁྱེད་སར་འཁོར་བ་ཆོས་ཉིད་ལོས་ཡིན།།

བཟང་ངན་གཏམ་གྱི་ཁྲོད་ནས་གཉོམ་ལག་རྒྱས་པའི།།

ཕོ་གཞོན་སྣང་བ་ཅན་ལ་ཡིད་སྨོན་འཁྲུངས་སྐད།།

གཟུགས་མཛེས་ལྷ་ཡི་སྲས་དང་འགྲན་ཐབས་ཅི་ཡོད།།

སྟོབས་འབྱོར་དཔལ་ལས་ཕྱུག་པའི་འབྱོར་ལྡན་མིན་ཡང་།།

ཕུགས་བསམ་སྟོང་པ་ཞིག་ལ་སེམས་པ་ཕྱོགས་པའི།།

ན་གཞོན་འདི་དག་རྨི་ལམ་ནང་ནས་འཁྲུལ་ཡོད།།

སྲིད་པའི་དབྱངས་རྟ་གྱེར་མཁས་ཕོ་གཞོན་དར་མ།།

ཁྱོད་ལ་མི་སེམས་བསླུ་བའི་སྒྱུ་འཕྲུལ་འདུག་པས།།

ཁྱོད་ལ་ཕ་སྐད་སྨྲ་བའི་སྤོབས་སེམས་མཆིས་པས།།

རིགས་ཀྱི་ཕུགས་བསམ་གླེང་བའི་འགན་འཁྲི་ཡོད་དཔེ།།

སྨན་ཆུང་བུ་མོ་ཞིག་གི་སེམས་བརྟེན་ཡིན་པ།།

ཕོ་གཞོན་དར་མ་ཞིག་གི་རླུང་རྟ་ཡིན་སྲིད།།

གྲགས་པའི་རུ་དར་འཕྱར་བའི་གཞོན་ནུ་ཁྱེད་ཀྱིས།།

རིག་པའི་གཤོག་རྩལ་མངོན་ཤོག་ཀྭ་ཡེ་གྲོགས་པོ།།

དར་མའི་གཤིས་ལ་འཁོར་བའི་ནག་ནོག་མ་གོས།།

གྲགས་པའི་སྙན་པ་དཀར་པོ་གང་སར་ཁྱབ་པའི།།

དགྲ་ལྷ་ཝེར་མ་དཀར་པོས་སྡོང་གྲོགས་མཛད་པས།།

གང་བསམ་ལྷུན་གྱིས་འགྲུབ་པའི་རྟེན་འབྲེལ་འགྲིག་ཡོད།།

༼ རྫ་ཤུལ་བློ་བཟང་། ༽