ཉི་འོད་ནུབ་རིར་ཡལ་རྗེས།
ཟླ་འོད་གཉིད་དུ་ཡུར་རྗེས།
ང་དལ་བུར་ཡར་ལངས་ནས།
མཛེས་སྡུག་གི་ཡུལ་ལྗོངས་གཞན་ཞིག་མིག་
གིས་འཚོས།
འཇིག་རྟེན་གྱི་ལྟེ་བར་བརྒྱུས་པའི་ཡུལ་གྲུ།
དུས་ཚོད་ཀྱི་བྲེལ་ཟིང་བར་ནས་གསོན་ཤུགས་རྒྱས།
གངས་རི། རྫ་རི། བྲག་རི།
རྔམ་བརྗིད་ཀྱི་རི་ཚོགས་མཐོང་དུས།
སྐལ་བའི་ལོ་རྒྱུས་ཀྱི་འོད་སྣང་ལམ་ལམ་འཕྲོས།
གངས་ཆུ། རྫ་ཆུ། ན་ཆུ།
ཤང་ཤང་གི་ཆུ་རྒྱུན་མཐོང་དུས།
སྲིད་པའི་བདེན་ལུགས་ཀྱི་དར་ཆ་ལྷབ་ལྷབ་བསྐྱོད།
གསལ་བྱེད་སུམ་ཅུའི་མཛེས་སྡུག་གི་ལང་ཚོ།
ཀུན་གསལ་གྱི་པང་པ་ནས་གཉོམ་ལག་རྒྱས།
དབྱངས་ཡིག་བཞི་པོའི་སྙན་འཇེབས་ཀྱི་གླུ་སྒྲ།
དྲི་བཞོན་དང་འགྲོགས་ནས་ཀུན་ལ་ཁྱབ།
དམ་པའི་སྲོལ་བཟང་གི་ལྟ་སྤྱོད་ཁྲི་གདུགས་ཀྱི་
འོད་སྣང་བཞིན།
བསྐལ་པ་ནས་བསྐལ་པར་ལམ་ལམ་དུ་འཕྲོས།
མེས་པའི་མཛད་འཕྲིན་གྱི་གཟི་མདངས་དུང་མདོག་
གི་ཟླ་བ་བཞིན།
རབ་ཡངས་ཀྱི་ནམ་མཁའ་ནས་རྟག་བརྟན་དུ་གནས།
རབ་དཀར་གྱི་སྤྲིན་པས།
བག་ཡངས་ངང་ནམ་མཁའི་མཐོངས་ནས།
མཛེས་སྡུག་གི་ཁ་དོག་ཡོད་ཚད་བདག་གིར་
བཟུང་རྗེས།
ས་གཞིའི་པང་པར་གསེར་ཆུ་བྱུགས།
ས་གཞི་རྒས་རྗེས། དེ་ཡི་མཛེས་པ་མ་ལུས།
ཁོང་གི་དབུ་སྐྲ་ལྟ་བུའི་རྩྭ་ལྗང་དང་ལྗོན་ཤིང་
གིས་སྲུང་ངམ།
ཁྲི་གདུགས་ཀྱི་དཔལ་གྱིས།
མཚར་སྡུག་གི་མི་ཡུལ་དང་།
མི་ཡུལ་གྱི་རྩྭ་ཐང་ལ།
དྲོད་འཇམ་གྱི་འོད་སྣང་སྩོལ་དུས།
ནོར་ལུག་གི་ཁྱུ་ཚོགས་སྔར་ལྟར་བག་ལྷོད་རྒྱུའམ།
བྲེལ་ཟིང་གི་མི་ཚོགས་སྔར་ལྟར་བྲེལ་ཞིང་འཚུབ་བམ།
ངའི་མི་ཚེ། ངའི་ལང་ཚོ།
ངའི་འདས་སོང་གི་གཏམ་རྒྱུད་སྐྱུར་པོ།
ངའི་བརྗེད་སོང་བའི་བརྩེ་དུང་གི་རྨ་ཁ།
ངའི་བོར་སོང་བའི་ཁོ་དང་ཁོ་མོ་ཚོ།
ངའི་འབོར་བཞིན་པའི་ད་ལྟའི་ཡོད་ཚད།
ཅི་འདྲའི་ཡི་རྨུག་པ་ལ།
ཅི་འདྲའི་ཞེ་སྡུག་པ་ལ།
གསོན་དང་། ངའི་གོམ་སྒྲ་ལ་གསོན་དང་།
ལྗིད་དིག་དིག་གི་གོམ་སྒྲ་ལ་གསོན་དང་།
གོམ་སྒྲ་ལྟ་བུའི་སྙན་ངག་ལ་གསོན་དང་།
ངའི་སྙིང་གི་འཕར་ཆགས་ཐོས་ཐུབ་ལ།
སེམས་ཀྱི་སྐྱོ་གདུང་ཡང་ཚོར་ཐུབ།
གཟིགས་དང་།ངའི་རྒྱབ་གཟུགས་ལ་གཟིགས་དང་།
ནག་རོག་རོག་གི་རྒྱབ་གཟུགས་ལ་གཟིགས་དང་།
རྒྱབ་གཟུགས་ལྟ་བུའི་སྙན་ངག་ལ་གཟིགས་དང་།
ངའི་སྐྱི་གཡའ་བའི་འདས་དོན་དག་མཐོང་ཐུབ་ལ།
གཡའ་དག་པའི་མ་འོངས་པའང་རྙེད་ཐུབ།
ཅི་ཞིག་གི་ཆེད་དུ།
ངས་རང་གི་མི་ཚེ་ལ་བླ་སྲོག་གསར་བ་བསྩལ།
བླ་སྲོག་གི་འབོད་པས།
ངའི་ཕུགས་འདུན་གྱི་རྦ་རླབས་ཡང་ཡང་གཡོས་ཤིང་།
མདུན་སྐྱོད་ཀྱི་མེ་ལྕེ་དྲག་ཏུ་མཆེད།
ཡིན་ནའང་། ངས་རེ་ཞིང་སྒུག་པའི་སྟོང་བསམ་
དང་འཕྲུལ་སྣང་འདི་ཚོ།
རླུང་འཚུབ་ཞིག་གིས་ཐལ་རྡུལ་བཞིན་རྒྱང་རིང་
ཏུ་ཁུར་སོང་།
༼ ཉག་ཕྲན། ༽
