ལྷད་མེད་སེམས་ཀྱི་གཏིང་མཐའ་ཀུན་ཏུ་ང་ཡིས་ཁྱོད་ཀྱི་མཛེས་སྡུག་བྲིས།།
གཞལ་དཀའི་དུངས་སེམས་ཡ་ཆུང་སྙིང་ལ་སྦས་པའི་ཟོལ་གྱིས་གནས་པ་ཡང་།།
བདེན་དང་མི་བདེན་དབྱེ་བསལ་མི་འདུག་ཕྱི་ནང་གསལ་བའི་ཤེལ་དཀར་དེ།།
བརྩེ་བའི་སེམས་ཀྱི་བསླུ་བྲིད་ཚོགས་ལ་གཏན་ཚིགས་མེ་ཏོག་བཞད་ན་སྙམ།།
ཁྱོད་ཀྱི་སྟོང་པའི་རི་དང་ལུང་པར་བརྩེ་བའི་ནམ་མཁའ་མི་མཐོང་སྟེ།།
སྒེག་པའི་ཉམས་བརྒྱ་ལྷུག་པོར་བཞད་པའི་ཡིད་ཀྱི་མེ་ཏོག་གང་དུ་སྨིན།།
ཁྱོད་ཀྱིས་སྩོལ་བའི་འཛུམ་གྱི་པད་མོ་སུ་ཡིས་དྲན་པའི་ཐོང་གར་བཞད།།
ཁྱེད་རང་ཕེབས་སའི་ཡུལ་གྲུ་ཀུན་ཏུ་ང་ཉིད་བརྩེ་བའི་སྨེང་བ་འཐེན།།
གནས་འདིར་བཞད་པའི་མེ་ཏོག་དུ་མས་ཁྱེད་ཀྱི་སྒེག་ཆས་ཡང་ཡང་ངོམ།།
སྐར་ཚོགས་བྱེ་བའི་རིབ་ཁའི་འཁྲིས་སུ་ཀུན་གསལ་ཟླ་བ་ཁྱོད་ལ་འགྲན།།
ལྷད་མེད་གཤིས་ཀའི་ཟོལ་ལྟ་རེ་རེས་བདག་གི་ཡིད་སེམས་རྨང་ནས་གཡོས།།
མ་ཁྱོད་སྒེག་པའི་བསོད་ནམས་དེ་ཡང་སྐྱེ་བོའི་བློ་ལས་འགོངས་པ་ལ།།
འདི་སྣང་ཡོད་ཚད་འགྱུར་བ་རེད་ཅེས་རླུང་ཁའི་མར་མེ་དཔེ་མཚོན་བྱས།།
མཛའ་བརྩེ་མ་ལུས་སྡུག་བསྔལ་རེད་ཅེས་དགའ་བའི་མིག་ཆུས་ལན་སྟོང་བཤད།།
མ་ཁྱོད་བསྙེན་པའི་དད་སེམས་དེ་ཡང་ལན་ཆགས་རེད་ཅེས་བཤད་ན་ཡང་།།
བུ་ལོན་ཆད་པའི་བརྩེ་བ་ཡིན་ནམ་ལས་ཀྱིས་སྐལ་བའི་ཉེར་འབྲས་ཡིན།།
རྣམ་རྟོག་ཡོད་ཚད་ལ་ཁའི་སྤྲིན་པ་མི་བརྟན་གར་ལ་རྩེན་ན་ཡང་།།
ཁྱོད་སེམས་བརྩེ་བའི་ཡིད་མཁའི་ངོས་སུ་དྲན་པའི་འཇའ་ཚོན་རི་མོ་བརྐོས།།
ང་ཉིད་དགའ་བའི་རྨི་ལམ་དག་ལ་སྙིང་པོ་མེད་ཅེས་བཤད་ན་ཡང་།།
འདི་དག་ཡོད་ཚད་ཆོ་འཕྲུལ་ཙམ་སྟེ་མཛའ་བརྩེ་ཟབ་པའི་གཏའ་མ་བཞག།
ལ་ཁའི་སྤྲིན་པ་འདི་གར་མི་སྡོད་འདི་ནས་ཤར་དང་ལྷོ་རུ་བསྐྱོད།།
ང་ཡི་མི་ཚེའི་ལང་ཚོ་འཕྱོར་སྒེག་སྤྲིན་པ་འདི་དང་མཚུངས་སོ་སྙམ།།
རྒྱ་མཚོར་རྩེན་པའི་ངང་མོ་ཁྱུ་གཅིག་སྟོན་མཇུག་རླུང་བུས་རྒྱང་ལ་སྤྲད།།
ང་དང་ཁྱོད་ཀྱི་ལས་སྐལ་ལ་ལར་མཚོ་དང་ངང་མོར་འདྲ་འམ་སྙམ།།
མེ་ཏོག་ཚོགས་ཀྱིས་རི་གླུ་བླངས་ཤིང་བྱ་དང་རི་དྭགས་བག་ཡངས་རྒྱུ།།
གསེར་མདོག་ཉི་མའི་ཟེགས་མ་རེ་རེས་རྩི་ཤིང་ཚོགས་ལ་གསོན་ཤུགས་སྟེར།།
འདི་དག་ཡོད་ཚད་བརྩེ་བ་ཞིག་དང་དམ་དུ་འབྲེལ་བ་མ་ཡིན་ནམ།།
མ་ཁྱོད་སྒེག་པའི་རྣམ་གཞག་དེ་ཡང་བརྩེ་བའི་རྒྱ་མཚོ་ཡིན་ནམ་ཅི།།
མཛའ་བརྩེའི་རྨུ་ཐག་གསེར་དངུལ་རིན་གྱིས་བསླུ་བའི་སྐལ་བ་མི་སྣང་སྟེ།།
ཕན་ཚུན་ཟུག་པའི་ལྷད་མེད་སེམས་གཤིས་གཞལ་དུ་མེད་པ་ཡིན་ནམ་སྙམ།།
འདི་དག་ཡོད་ཚད་བདག་གི་ཡིད་ཀྱི་ཧ་ཅང་སྙི་བའི་དད་འདུན་ཏེ།།
ཤིན་ཏུ་སྦས་པའི་མཚོ་བྱུང་མ་ཁྱོད་སྙན་པའི་ཚིག་གིས་བག་མར་བསུས།།
༼ ཚུལ་མཁས། ༽
