国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རིན་ཐང་ཆེ་བའི་བོད་རིགས་ཀྱི་རྡོ་རྐོ་རིག་གནས་སྒྱུ་རྩལ།

དེ་ཡང་གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདིར་གནའ་ནས་བཟོ་བསྐྲུན་གྱི་སྒྱུ་རྩལ་ཕུན་སུམ་ཚོགས་པའི་ཡ་གྱལ་དུ་གཏོགས་ཤིང་། ཆར་རླུང་ཁྲོད་དུ་ལོ་མང་གནས་ཀྱང་ཡལ་འཇིག་མེད་པའི་རྡོ་བརྐོས་ཀྱི་སྒྱུ་རྩལ་ནི་སྔོན་བྱོན་མཁས་པ་དང་ལག་རྩལ་ཅན་གྱི་ངལ་རྩོལ་བ་མང་པོས་བཞག་པའི་མཛད་རྗེས་ངོ་མཚར་ཅན་ཞིག་ཡིན་ལ་རང་རེའི་ལག་རྩལ་རིན་ཆེན་བང་མཛོད་ནང་གི་ནོར་བུ་རྩ་ཆེན་ཞིག་ཀྱང་ཡིན། རང་རེའི་ཡུལ་ལ་རྡོ་བརྐོས་ཀྱི་ལག་རྒྱུན་ལ་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་སྔོན་རོལ་ནས་དར་བའི་ལོ་རྒྱུས་ཡོད་པ་མ་ཟད། སྔོན་གྱི་བཙན་པོ་དང་མཁས་གྲུབ་མང་བོས་ལག་རྩལ་དེར་མཐོང་ཆེན་གནང་ནས་གྲགས་ཅན་གྱི་མི་སྣ་མང་བོའི་མཛད་རྗེས་དང་། མནའ་ཚིག་གི་རྡོ་རིང་། ལྷ་སྐུའི་གཟུགས་བརྙན། གཟུངས་སྔགས་སོགས་རྡོ་བརྐོས་བྱེད་དུ་བཞག་ཡོད། སྤྱི་ལོའི་དུས་རབས་བདུན་པའི་སྐབས་བཙན་པོ་སྲུང་བཙན་སྒམ་པོས་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་ཡི་གེ་སློབ་པར་གཏོང་གནང་མཛད་པ་ཕྱིར་འཁོར་ནས་བོད་ཀྱི་ཡི་གེ་གཏན་ལ་ཕབ་པའི་ཡིག་ཕུད་ཤོ་ལོ་ཀ་གཉིས་པོ་ད་ལྟའི་བོད་ལྗོངས་སྟག་རྩེའི་རྫོང་ཁོངས་བཙུན་མོ་ཚལ་གྱི་བྲག་ལ་ཡོད་པ་དང་། བལ་བཟའ་ཁྲི་བཙུན་གྱིས་ལྷ་སའི་གཙུག་ལག་ཁང་བཞེངས་སྐབས་རྒྱ་བཟའ་ཀོང་ཇོས་སྤོར་ཐང་རྩིས་ནང་གསལ་བ་བཞིན་ལྷ་སའི་ས་བཀྲ་ངན་པ་རྣམས་བཅོས་ཕྱིར་ཤར་དུ་དབང་ཕྱུག་གི་རྟེན། ལྷོར་བྱ་ཁྱུང་། ནུབ་ཏུ་མཆོད་རྟེན། བྱང་དུ་སེང་གེ། ཤར་ལྷོར་དུང་བཅས་རྡོ་ལ་བརྐོས་ནས་རྩིག་ལྡེབས་སུ་སྦྱར་བ་ད་ལྟའི་བར་དུའང་ཉམས་མེད་དུ་ཡོད། དེ་ལྟར་རྡོ་རྐོ་རི་མོ་ནི་དང་ཐོག་མེས་པོ་ཚོའི་འཚོ་བའི་རྣམ་པ་མཚོན་ཚུལ་ཞིག་ཡིན་པས། ནང་དོན་གཙོ་བོ་ནི་གནའ་བོའི་མི་ཚོའི་ཐོན་སྐྱེད་འཚོ་བ་སྟེ། ཕྱུགས་འཚོ་བ་དང་། དམག་འཐབ་པ་དང་། རྔོན་རྒྱག་པ། འདས་མཆོད་སྒྲུབ་པ། སྐྱ་སྤོ་བྱེད་པ། གདོད་མའི་ཆོས་ལུགས་ཀྱི་མཚོན་རྟགས་སོགས་ཀྱི་རྣམ་པ་ཞིབ་ཕྲ་བརྐོས་ཡོད་པ་དང་། ཕྱིས་གཏིང་ཇེ་ཟབ་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པས་རྡོ་རྐོ་རིག་གནས་ནི་ས་མཐོའི་རིག་གནས་ཀྱི་འབྱུང་ཁུངས་ཆེན་པོ་ཞིག་དང་ཤེས་རིག་གི་མྱུ་གུ་འབུས་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། རྡོ་རྐོ་རིག་གནས་འདི་ནི་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཆབ་སྲིད། ཆོས་ཕྱོགས་སོགས་གང་ཐད་ནས་ཞིབ་འཇུག་བྱེད་པ་ལ་མེད་དུ་མི་རུང་བའི་རིག་གནས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད།

བོད་ཀྱི་རྡོ་རྐོ་རིག་གནས་ངོ་སྤྲོད་ཅེས་པ་ལས། འགྱུར་རྡོ་གསོན་པའི་ནུས་པ་ལྡན་པའི་རྡོ་རྐོ་རིག་གནས་འདི་ནི། བོད་ས་མཐོའི་ཐོག་གདོད་མའི་དུས་ནས་བཟུང་རྡོ་རྐོ་རི་མོའི་སྒྱུ་རྩལ་གྱི་ཆུ་རྒྱུན་ཆད་མྱོང་མེད་པས་དེ་སྔའི་ཉི་ཟླ་དང་ཤིང་ལོའི་མཚོན་དོན་ཙམ་ནས་ད་ཆའི་གསོན་ཉམས་ལྡན་པའི་འཚོ་བའི་དོན་མཚོན་གྱི་རི་མོ་དང་། ལྷ་སྐུ་སྣ་ཚོགས་རྐོ་བའི་བར་དར་འཕེལ་བྱུང་བར་མ་ཟད། ཞིབ་ཕྲའི་དཔེ་རིས་ཁ་ཤས་ཐད་ཕྲ་མཐོང་ཆེ་ཤེལ་སྤྱད་ནས་ཉམས་ཞིབ་བྱ་དགོས་པའི་སྒྱུ་རྩལ་གྱི་ཆུ་ཚད་མཐོན་པོར་སླེབས་ཡོད་པས། བོད་ཀྱི་རིག་གནས་དང་ཆབ་སྲིད་ཆོས་ལུགས་བཅས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་བླ་ན་མེད་པ་ལྡན་ཡོད་དེ། ཐོག་མར་རིག་གནས་ཀྱི་ཕྱོགས་ནས་བཤད་ན། བོད་ཀྱི་སྐད་དང་ཡི་གེ་ལ་མཚོན་ན་བོད་ཀྱི་རྡོ་རྐོ་རིག་གནས་སུ་བཙན་པོའི་དུས་ཀྱི་སྐད་ཆའི་ཁྱད་ཆོས་དང་། ཡིག་གཟུགས་དང་། བརྡ་སྤྲོད་ཀྱི་ཁྱད་ཆོས་གསལ་བར་མངོན་པ་དང་། སྒྱུ་རྩལ་གྱི་ངོས་ནས་བོད་མི་རིགས་ཀྱི་རྒྱུན་སྤྱོད་མཁོ་ཆས་དང་། ཡོ་བྱད་ཀྱི་རྒྱན་རིས་སོགས་རི་མོའི་སྒྱུ་རྩལ་གྱི་འགོ་ཁུངས་གདོད་མའི་བྲག་རིས་ལ་ཐུག་པ་དང་། དེ་བཞིན་དུ་གོམས་སྲོལ་གྱི་ངོས་ནས་བོད་ཀྱི་རྡོ་རྐོ་རིག་གནས་ཁྲོད་དུ་གདོད་མའི་དད་འདུན་བྱེད་ཚུལ་དང་། བླ་ཟོག་བཀུར་སྟངས། འཚོ་བའི་གོམས་སྲོལ། དེ་མིན་ཉི་ཟླར་མཆོད་གསོལ་སོགས་ཀྱི་སྲོལ་ལུགས་ཤེས་ཐུབ་པ་དང་། ལོ་རྒྱུས་ཡིག་ཚང་གི་ཕྱོགས་ནས་བོད་ཀྱི་རྡོ་རྐོ་རིག་གནས་ནང་གི་བྲག་ངོས་ཡི་གེ་དང་། རྡོ་རིང་གི་ཡི་གེ་རྣམས་ལོ་རྒྱུས་ཡིག་ཚང་གི་རིན་ཐང་ལྡན་པ་དང་། དེ་བཞིན་དུ་ཆབ་སྲིད་ཀྱི་ཕྱོགས་ནས་བཤད་ན། བོད་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་རྣམས་ནི་བྲག་རིས་ཀྱི་ཐོག་ནས་འཚོལ་དགོས་པ་དང་། ཚོ་བའི་བར་གྱི་དམག་འཐབ་དང་དམག་འཁྲུག་གི་ལོ་རྒྱུས་དང་། ནང་ཁུལ་གྱི་སྲིད་འགྱུར་དང་། བོད་བཙན་པོའི་དུས་ཀྱི་རྡོ་རིང་དག་ལ་ཆབ་སྲིད་ཀྱི་ནང་དོན་ཤུགས་ཆེན་ཡོད་པས། ཆབ་སྲིད་འགྱུར་བ་དང་། རྒྱལ་མཚམས་རྒྱ་བསྐྱེད་དང་། མནའ་མཐུན་མཉམ་འབྲེལ་དང་། ཆོས་སྲིད་ཟུང་འབྲེལ་དུ་སྤེལ་བའི་ཆ་རྐྱེན་བཅས་ཤེས་ཐུབ་པ་དང་། ཆོས་ལུགས་ཀྱི་ཕྱོགས་ནས་བརྗོད་ན། གདོད་མའི་དད་པ་བསྐྱར་དུ་མངོན་པ་དང་། འདས་མཆོད་སྒྲུབ་པ། བོན་ལུགས་ཀྱི་བསམ་བློ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསམ་བློ་བཅས་ལེགས་པར་རྟོགས་ཐུབ་པས། དད་ལྡན་མང་ཚོགས་ཀྱི་ཕྱག་མཆོད་འབུལ་བྱ་ཡུལ་དང་། རིག་གནས་པ་རྣམས་ཀྱི་སྒྱུ་རྩལ་ལོངས་སྤྱོད་བྱ་ཡུལ། མཁས་དབང་རྣམས་ཀྱི་ཞིབ་འཇུག་བྱ་གཞི་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་བོད་ཀྱི་ཆོས་ལུགས་རིག་གནས་དང་། རི་མོའི་སྒྱུ་རྩལ། དམངས་སྲོལ་བཅས་ཤེས་རྟོགས་བྱ་ཡུལ་ལེགས་པོ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ལྷག་པར་དུ་དེང་དུས་ཀྱང་བོད་འབྲེལ་ས་ཁུལ་གྱི་ས་ཕྱོགས་གང་སར་ཆུང་ས་ནས་མ་ཎི་ཡིག་དྲུག་དང་། ཆེ་ས་ནས་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་སོགས་རྡོ་ལ་རྐོ་མཁན་གང་མང་བྱུང་དང་འབྱུང་བཞིན་ཡོད་པ་དང་འབྲེལ་བླུ་ཡོན་ཞུ་མཁན་ཡང་གང་མང་ཡོད་པ་མཐོང་ཆོས་སུ་གྱུར་པ་དང་། དེ་ལས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་མྱུར་བའི་དེང་གི་དུས་སུ་ཡུལ་སྐོར་བ་ཚོས་ཀྱང་རྡོ་བརྐོས་བླུ་རྒྱུར་དགའ་བས། རྡོ་མཁན་ཁག་གཅིག་ཕྱུག་པོར་ཆགས་པའི་གཏམ་རྒྱུད་ཀྱང་ཡོད་པ་ནི་རྡོ་རྐོ་རིག་གནས་ཀྱི་གསོན་ཤུགས་མཚོན་པ་ཡིན་ཞིང་། ད་དུང་གཞི་ཁྱོན་མི་འདྲ་བའི་དེང་རབས་ཀྱི་རྡོ་རྐོ་བརྩམས་ཆོས་མང་པོ་ཞིག་བོད་འབྲེལ་ས་ཁུལ་གྱི་ས་ཕྱོགས་ཚང་མར་ཐོན་དང་འཐོན་བཞིན་ཡོད་པ་ནི་བྲག་རྐོ་རི་མོ་དེ་གསོན་པོར་གནས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པར་མཚོན་ནུས་སོ་ཞེས་འཁོད་ཡོད་པ་ལས་བོད་ཀྱི་རྡོ་རྐོ་རིག་གནས་ཀྱི་རིན་ཐང་ཤེས་ཐུབ།

དེ་ཡང་བོད་ཡུལ་གྱི་རྐོ་གཞི་རྡོའི་རིགས་ལ། རྡོ་ཀ་མ་རུ་དཀར་པོ། ཆུ་རྡོ། དུར་ཁྲོད་ཀྱི་རྡོ་ཞེས་གྲགས་པའི་རྡོ་ནག། སྤང་རྡོ་ཕྱི་སོབ་ཅིང་རྡོ་སྙིང་སྲ་བ་སེར་པོ། གཡའ་རྡོ་སྔོན་པོ་རིམ་པ་གོག་སླ་བ་ཞིག་མ་ཡིན་པ། བྲག་ལ་རིམ་བཞིན་བཀོག་ཆོག་ཏུ་ཡོད་པའི་རྡོ་སོབ་སྐྱ་བོ་བཅས་གཙོ་བོ་ཡིན་ལ། དེ་མིན་རྫ་རྡོ་དང་འདྲེ་རྡོ་སོགས་རྡོ་སྲ་མཁྲེགས་ཅན་གྱི་རིགས་བརྐོས་པ་ཉུང་ཙམ་དང་། པདྨ་ར་ག་དང་གཡང་ཊི། གཡུ་སོགས་རིན་ཆེན་རིགས་ཀྱི་རྡོ་ལ་བརྐོས་པའང་ཡོད། རྡོ་རྐོའི་དབྱེ་བ་ལ་འབུར་མ་དང་། གཤོང་མ། འབུར་གཟུགས་མ། གཙག་མ། ལེབ་མ། འབྲུ་ཆེན་བཅས་དྲུག་ཡོད།།

( སྐལ་ཐུབ་ཀྱིས་བསྡུས་ནས་པར་བླངས།)