༡
དཀར་དཀར་རྨད་བྱུང་ཁ་བའི་ཞིང་ཁམས་ཞིང་ཁམས་ཁྱད་དུ་འཕགས་པ་ཡི།།
ལྗང་ལྗང་མིག་མཛེས་སྤང་ལྗོངས་གཡེར་མོ་གཡེར་མོ་ཐང་གི་ལྟེ་བ་རུ།།
ལྷུང་ལྷུང་བཞུར་སྒྲ་རྣ་བར་འཇེབས་པ་འཇེབས་པ་རྩེ་ཆུའི་བཞུར་སྒྲ་སྟེ།།
ཀྱུར་ཀྱུར་གྲག་པའི་བྱ་བྱེའུས་རྩེད་འཇོར་རྩེད་འཇོར་གཡེང་ཞིང་བག་ཕེབས་རྒྱུ།།
༢
དཔལ་དང་འབྱོར་བའི་གཟི་བྱིན་འབར་བ་འབར་བའི་ཉིན་བྱེད་འོད་ལམ་མེ།།
གཡང་གི་རུ་མ་མཚོ་ལྟར་འཁྱིལ་བ་འཁྱིལ་བའི་ཁ་ཞག་ལྟེམས་སེ་ལྟེམ།།
ཕུ་ནུའི་མཛའ་གཅུགས་གསེར་གྱི་དཔུང་གདང་དཔུང་གདང་དམ་པོ་ཤིགས་སེ་ཤིག།
མ་སྲུའི་དཀར་གསུམ་ཟས་ཀྱི་དྭངས་མ་དྭངས་མའི་དྲི་ངད་ཀྱི་ལི་ལི།།
༣
ས་བབ་མཐོ་ཞིང་མཁའ་རླུང་གཙང་བ་གཙང་བ་ལྷ་ཡི་ཞིང་ཁམས་འདྲ།།
རྒན་བཀུར་གཞོན་བྱམས་བཀུར་སྟིའི་འདུ་ཤེས་འདུ་ཤེས་བཟང་པོ་མ་ཉམས་འཕེལ།།
རྟ་ཕོའི་འཚེར་སྐད་གཡང་དཀར་འབའ་སྒྲ་འབའ་སྒྲས་རི་ལུང་ཁྱབ་པ་དང་།།
འབྲི་མོའི་ངུར་སྒྲ་སྒོ་ཁྱིའི་ཟུག་སྐད་ཟུག་སྐད་བར་མེད་གྲག་པར་ལྟོས།།
༤
གཏམ་དཔེ་ཁ་ཤགས་གླུ་གར་མཆོད་པ་མཆོད་པ་ཕུན་སུམ་ཚོགས་གྱུར་པ།།
ལོ་ཡག་ཉིན་བཟང་དུས་བཞིར་དབྱེ་བ་དབྱེ་བ་མེད་པར་མྱོང་ཐུབ་པས།།
རྩེ་ཁོག་གཏམ་གྱི་ཕ་སའི་ཆོ་ལོ་ཆོ་ལོ་དེ་ཡང་སྔ་མོར་གྲགས།།
རྩེ་གཞུང་སཱ་ལའི་སྨན་ལྗོངས་མཐོང་བ་མཐོང་བ་ཙམ་གྱིས་ཡིད་སྨོན་ཤོར།།
༥
ལས་དང་རྒྱུ་འབྲས་མིག་བཞིན་བསྲུངས་པ་བསྲུངས་པར་མཐོང་ན་ཉམས་རེ་དགའ།།
མདོ་གདུགས་སྒྲོལ་གསུམ་རྣ་བར་ཐིངས་པ་ཐིངས་པ་དེ་ཡང་བག་རེ་བྲོ།།
ཕྱག་བསྐོར་སྒྲིབ་སྦྱོང་ཆད་མེད་བགྱིད་པ་བགྱིད་པ་འདི་བདེ་ཕྱི་སྐྱིད་ཅིག།
དད་འདུན་གཙང་མས་ལྷ་མི་ཐམས་ཅད་ཐམས་ཅད་དགའ་བར་བྱེད་པ་ཡང་།།
ཚེ་རབས་དུ་མས་སྨོན་ལམ་བཟང་པོ་བཟང་པོའི་འབྲས་བཟང་མ་ཡིན་ནམ།།
༦
རྩེ་དྲུག་སྙིང་བདུན་ལོ་རྒྱུས་ཟབ་མོ་ཟབ་མོ་རྒྱ་མཚོའི་གཏིང་ལྟར་ཟབ།།
རྨུ་ཐག་དཀར་པོས་ལེགས་པར་སྤྲས་པ་སྤྲས་པའི་ལབ་ཙེ་འཕྱོར་ཞིང་སྒེག།
ཀི་ཀི་བསྭོ་སྒྲས་གནམ་ས་གཡོ་བ་གཡོ་བ་སྟག་ཤར་ཁྱད་ཆོས་ཏེ།།
རླུང་རྟའི་ནམ་འཕང་དགོང་དུ་བསྟོད་པ་བསྟོད་པ་དགྲ་ལྷའི་སྡོང་གྲོགས་ཡིན།།
༧
ཁྱིམ་ཚང་རེ་ཡི་སྒོ་ཁར་འཐེན་པ་འཐེན་པའི་སྒོ་དར་ལྷབས་སེ་ལྷབ།།
མེས་པོའི་སྲོལ་རྒྱུན་ད་དུང་མ་ཉམས་མ་ཉམས་འདུག་པའི་དན་རྟགས་ཡིན།།
རྡེའུ་འབུམ་མཆོད་རྟེན་གང་སར་མཐོང་བ་མཐོང་བ་མིག་གི་དགའ་སྟོན་དུ།།
ག་ལེར་འཇོ་བ་སེམས་པ་སྐྱིད་པ་སྐྱིད་པའི་ཉམས་ཤིག་ཅི་ལ་མིན།།
༨
གཡང་ར་སྒོ་བཞིའི་གཡང་རྟེན་འཛོམས་པ་འཛོམས་པ་འབྲོག་པའི་བསོད་ནམས་ཡིན།།
ཛམ་བྷ་ལ་ཡི་ནོར་གྱི་བདག་པོ་བདག་པོ་རྩེ་གཞུང་ཕྱུག་མོ་སྟེ།།
ཤ་མར་ཐུད་ཀྱི་སྣུམ་བཅུད་ཆེ་བ་ཆེ་བ་བོད་ཀྱི་འབྲོག་ཟས་ཡིན།།
ཟས་ཀྱི་མཆོག་ཡིན་ལུས་ཕུང་གསོ་བ་གསོ་བ་དེ་ཡི་མཆོག་ཅིག་མེད།།
༩
ཞོགས་པའི་ཉི་འོད་མཁའ་རུ་འཚེར་བ་འཚེར་བ་གསེར་ཞུན་བྱུགས་དང་མཚུངས།།
དམངས་གླུ་དགུ་སེང་དྲུག་འགྱུར་ལེན་པ་ལེན་པ་ཁུ་བྱུག་གསུང་སྐད་འདྲ།།
དཔེ་ཀློག་དབྱགས་རྟ་གང་སར་ཁྱབ་པ་ཁྱབ་པ་དེ་ཡི་སྙན་དབྱངས་དེ།།
ཚེ་རབས་མང་པོར་འབྲལ་མེད་འདོད་པ་འདོད་པའི་སྣང་བ་འགོག་མེད་སྐྱེ།།
༡༠
ཞི་བདེའི་མཛའ་མཐུན་སེམས་སུ་ཉར་བ་ཉར་བ་གནས་འདིའི་གོམས་སྲོལ་ཏེ།།
མཐུན་སྒྲིལ་གསེར་ཟམ་བརྟན་པོ་ཚུགས་པ་ཚུགས་པ་ཕ་སའི་ཁྱད་ཆོས་ཤིག།
ངང་རྒྱུད་རིང་མོ་རྩེ་ཆུའི་རྒྱུན་བཞིན་རྒྱུན་བཞིན་མུ་ནས་བསྲིངས་པ་དང་།།
མི་འགྱུར་དམ་བཅའ་རྡོ་རྗེ་བྲག་རི་བྲག་རིའི་གཤིས་དང་སྲ་ཞིང་བརྟན།།
༡༡
གངས་རི་ར་བས་མུ་ཁྱུད་བསྐོར་བ་བསྐོར་བའི་རི་བོ་རྔམ་ཞིང་བརྗིད།།
ཆུ་དང་གཙང་པོ་ལྟེམ་མེར་བཞུར་བ་བཞུར་བའི་ཁ་དོག་སྔོ་ཞིང་དྭངས།།
རི་ལུང་ཕུགས་སུ་ནགས་ཀྱིས་བརྒྱན་པ་བརྒྱན་པའི་ཚལ་ནི་སྟུག་ཅིང་ལྗང་།།
རི་ལུང་ཐམས་ཅད་དབེན་ཞིང་འཇགས་པ་འཇགས་པ་དབེན་གྱི་རི་ཁྲོད་འདྲ།།
༡༢
དུས་བཞིའི་དབྱེ་བ་གསལ་ལེར་མངོན་པ་མངོན་པའི་ཚུལ་ནི་སྐྱིད་རེ་སྣང་།།
ཆར་ཆུ་འབབ་ཅིང་ལོ་ཕྱུགས་ལེགས་པ་ལེགས་པར་སྨིན་པའི་འཚོ་བ་སྐྱིད།།
རྟ་ནོར་ལུག་གི་འཕེལ་ཁ་དར་བ་དར་བ་དབྱར་མཚོ་རྒྱས་པ་བཞིན།།
རྒན་དར་གཞོན་པའི་ཚེ་བསོད་རྒྱས་པ་རྒྱས་པ་གང་གཱའི་རྒྱུན་བཞིན་རིང་།།
༡༣
མཆོག་གསུམ་ལྷ་ཡི་བྱིན་རླབས་འཇུག་པ་འཇུག་པས་དད་པའི་སྤུ་ལོང་གཡོ།།
བསམ་པའི་དོན་ཀུན་ཆོས་བཞིན་འགྲུབ་པ་འགྲུབ་པ་བསམ་འཕེལ་ལྗོན་དབང་བཞིན།།
དཀར་ཕྱོགས་ལྷ་ཡིས་སྡོང་གྲོགས་མྱུར་བ་མྱུར་བ་ནམ་མཁའི་གློག་ལས་སྐྱེན།།
ལྷག་བསམ་དཀར་པོ་གངས་རིའི་རང་མདངས་རང་མདངས་རིས་མེད་ཕྱོགས་བཅུར་འཕྲོ།།
༡༤
གོང་དང་འགོ་ཁྲིད་ཐུགས་བཀོད་ལེགས་པ་ལེགས་པ་ང་ཚོའི་རྒྱན་དུ་ཆེ།།
མི་དམངས་འབྲོག་པའི་སྒྲིག་ལམ་བརྩིས་པ་བརྩིས་པ་ཀུན་གྱི་ཡིད་སེམས་མགུ།།
བློ་གསར་བྱིས་པས་སློབ་སྦྱོང་འབད་པ་འབད་པའི་འབྲས་བུ་གོང་དུ་འཕེལ།།
རྩེ་གཞུང་སློབ་གསོ་ཡར་བསྐྱེད་འགྲོ་བ་འགྲོ་བར་མཐོང་ན་སྤྲོ་བས་བརྟས།།
༡༥
ཕ་ས་རྩེ་གཞུང་གླུ་རུ་བླངས་པ་བླངས་པས་རང་སེམས་སྐྱིད་ལ་བསྐུར།།
དར་རྒུད་ཅི་ཞིག་འབྱུང་བའི་རེ་འདུན་རེ་འདུན་གཅིག་ཏུ་གཏད་བྱས་ཏེ།།
ཇི་སྲིད་འཚོ་བའི་བར་དུ་བྲིས་པ་བྲིས་པའི་ཞུམ་མེད་སྙིང་སྟོབས་ཤིག།
ནམ་ནམ་ཞར་ཞར་ཡིད་དུ་བརྐོས་པ་བརྐོས་པ་རྡོ་ཡི་རི་མོ་འདྲ།།
༡༦
རང་རེའི་རྒྱལ་ཁབ་དཔལ་འབྱོར་གོང་འཕེལ་གོང་འཕེལ་ཕྱིན་པའི་བཀའ་དྲིན་གྱིས།།
རྒྱལ་ཁབ་དར་ཞིང་སྐྱིད་པའི་ཉི་འོད་ཉི་འོད་ཕྱོགས་ཀུན་འཕྲོས་པ་ཡིས།།
རྩེ་གཞུང་མཐོང་བ་ཀུན་སྨོན་ཞེས་པ་ཞེས་པ་དེ་ཡང་བདེ་སྐྱིད་ཚེས།།
འགྲོ་ཀུན་བདེ་ཞིང་ཞི་བདེ་ཡོང་བ་ཡོང་བའི་སྨོན་ལམ་རྟག་ཏུ་འདེབས།།
༼ རྩེ་སྲས་ཟླ་འོད། ༽
