མཛེས་སྡུག་དཔག་ཏུ་མེད་པ་མི་ཡུལ་གྱི་རང་བཞིན།།
སྒྲ་བརྒྱའི་ཡིད་དབང་གསོ་བ་འཇིག་རྟེན་གྱི་རང་ལུགས།།
ཚེ་རབས་སྟོང་ལ་བཀོད་པའི་ས་ཆེན་གྱི་རང་མདངས།།
བསམས་ཤིང་བསམ་ན་ཡིད་འོང་བཅུ་དྲུག་གི་ལང་ཚོ།།
དཀར་དམར་ཚོས་མདོག་མནབས་པའི་མེ་ཏོག་གི་ཡལ་འདབ།།
གཤོག་འགྱུར་གར་སྟབས་ངོམས་པའི་ཕྱེ་ལེབ་ཀྱི་མཚར་སྡུག།
སྒེག་ལྡན་རྨ་བྱའི་སྒྲོ་གུར་ས་འཛིན་གྱི་བསིལ་གཡབ།།
ཡིད་དུ་འོང་བའི་གངས་རྒྱབ་རི་དྭགས་ཀྱི་སྐད་ཅོར།།
ཤང་ཤང་འབབ་པའི་ཡན་ལག་བརྒྱད་ལྡན་གྱི་དྭངས་གཙང་།།
ཐོལ་གྱིས་འཕྱུར་བའི་དཀར་དམར་ཆུ་འཛིན་གྱི་གཟུགས་བཟང་།།
རྒོད་པོའི་སྒྲོ་གཤོག་འཐུ་བའི་བསིལ་རླུང་གི་ཉམས་འགྱུར།།
དྲན་པའི་དབྱིངས་རིམ་རྟོལ་བའི་ཁྱད་འཕགས་ཀྱི་ཡིད་འོང་།།
ས་འཛིན་དཀར་པོའི་རྩེ་མོར་ཅིག་ཅར་དུ་རྩེན་པའི།།
སེང་ཆུང་གཡུ་རལ་ལྡེམ་མེར་རྟེན་འབྲེལ་དུ་འཁྲུངས་ཡོད།།
རྫ་རི་སྨུག་པའི་གཡའ་རྡོ་བྱེ་མ་རུ་འཐག་པའི།།
འབྲོང་རྒོད་རྭ་རྩེར་མཁའ་ཡི་ཉི་ཟླ་ཟུང་ཁུར་ཡོད།།
ཡིད་འོང་ལང་ཚོ་ཚོར་བའི་གཤིན་ས་རུ་སྨིན་དུས།།
སྣང་བའི་རྟ་རྒོད་མཐུར་མེད་བཞོན་སྙིང་ཞིག་སྐྱེས་ཡོང་།།
རི་གླུ་སིང་སིང་རྣ་བའི་རྒྱལ་ཁམས་སུ་ཤམ་ན།།
ཟ་འོག་དགུ་སྒྲིལ་འདྲ་བའི་གོས་ཆེན་ཞིག་གྱོན་འདོད།།
ཉིན་དང་མཚན་གྱིས་དེད་པའི་མཚར་སྡུག་གི་ཀློང་ནས།།
སྤང་དུ་དེད་པའི་ལུག་ཆུང་འབའ་སྒྲ་ལ་ཉོན་བཞིན།།
བྱོན་ཡག་ཁུ་བྱུག་བུ་མོའི་གསུང་སྐད་ཀྱི་ཟུར་ནས།།
ཤུག་དམར་གཟིམ་ཆུང་འདར་བའི་གཞས་ཆུང་ཞིག་ལེན་འདོད།།
ཁ་བ་སེམས་སུ་མ་བབ་རི་སྒང་དུ་བབས་བྱུང་།།
མཛེས་པའི་དཔལ་མོ་མི་ཡུལ་རྟེན་འབྲེལ་དུ་མངོན་བྱུང་།།
ཤ་རུས་འབྲལ་དུ་མེད་པའི་ཆོས་ཉིད་ཀྱི་དྲུང་དུ།།
ཡིད་འོང་ཁ་ཁུ་སིམ་པའི་དཔལ་ཡོན་གྱིས་བཟིས་སོང་།།
མདོག་ལྡན་དབང་གཞུ་མིག་གི་ལོངས་སྤྱོད་དུ་འཇོ་ཞིང་།།
དུས་བཞིའི་འགྱུར་བག་རྒོད་པོས་མཚརསྡུག་དེ་འགྲན་པའི།།
མཛེས་སྡུག་འཕྲུལ་གྱིས་བྱས་འདྲའི་ཡིད་འོང་གི་ལོ་ཟླ།།
རྨི་ལམ་གཏེར་དུ་སྦས་པའི་བཅོས་མིན་གྱི་རྫོགས་ལྡན།།
༼ མགར་ཐང་དཀར། ༽
