国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ད་ལོར་རྒྱལ་ཡོངས་ཀྱི་དབྱར་གསེང་རིག་གནས་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་ལ་འཛད་སྤྱོད་ཁ་གསབ་ སྒོར་དུང་ཕྱུར4.5ལྷག་སྤྲད་རྒྱུ།

སྤྱི་ཟླ7པའི་ཚེས8ཉིན།རིག་གནས་དང་ཡུལ་སྐོར་པུའུ་ཡིས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ2026ལོའི་རྒྱལ་ཡོངས་ཀྱི་དབྱར་གསེང་རིག་གནས་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་སྤེལ་འགོ་བཙུགས་པ་རེད། འཛད་སྤྱོད་དུས་ཚིགས་རིང་ས་གནས་ཁག་གིས་དབྱར་ཁའི་ཚ་གཡོལ་དང་མཚོ་འགྲམ་དུ་སྤྲོ་གསེང་གཏོང་བ།མཚན་མོའི་དཔལ་འབྱོར། སྤྲོ་གསེང་གྲུ་གཟིངས། བསྐྱེད་བུ་རོལ་རྩེད། ཞིབ་སློབ་ཡུལ་སྐོར། གཟུགས་མེད་རིག་གནས་ཤུལ་བཞག་ཞིམ་ཟས།དངོས་མང་བཤམ་སྟོན་ཁང་དུ་ཡུལ་སྐོར་སོགས་ཀྱི་དགོས་མཁོར་དམིགས་ཏེ། རིག་གནས་ཡུལ་སྐོར་འཛད་སྤྱོད་བྱེད་སྒོ་ཁྲི3ལྷག་སྤེལ་བ་དང་།འཛད་སྤྱོད་ཁ་གསབ་སྒོར་དུང་ཕྱུར4.5ལྷག་སྤྲད་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འཛད་སྤྱོད་དུས་ཚིགས་དེ་རིག་གནས་ཡུལ་སྐོར་གྱིས་དམངས་ཕན་དང་དམངས་སྤྲོ། བདེ་སྐྱིད་འཚོ་བར་མཉམ་སྤྱོད་ཅེས་པའི་གཙོ་དོན་བྱས་ཏེ། ས་གནས་ཁག་སྒྲིག་འཛུགས་བྱས་ནས་དབྱར་གསེང་རིང་ཁྱད་ཆོས་རིག་གནས་ཡུལ་སྐོར་བྱེད་སྒོ་དང་དམངས་ཕན་བྱེད་ཐབས་བཏོན་ཏེ་དུས་ཚིགས་དང་བསྟུན་ནས་རིག་གནས་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏང་རྒྱུ་དང་།རྒྱ་ཆེ་བའི་ཡུལ་མི་དང་ཡུལ་སྐོར་བས་དབྱར་གསེང་སྤྲོ་སྐྱིད་གཏང་བ་དང་མཛེས་སྡུག་ལྡན་པའི་ཡུལ་སྐོར་ལམ་བུ་ལོངས་སུ་སྤྱོད་རྒྱུར་རམ་འདེགས་བྱ་རྒྱུ་རེད།

ད་ཐེངས་ཀྱི་འཛད་སྤྱོད་དུས་ཚིགས་ཀྱི་དུས་ཚོད་ནི་སྤྱི་ཟླ7པའི་ཟླ་སྟོད་ནས་སྤྱི་ཟླ8པའི་ཟླ་མཇུག་བར་ཡིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་བྱེད་སྒོ་སྤེལ་རིང་ལྟ་སྐོར་དང་ཚ་གཡོལ།ཕྱིར་སྐྱོད། འགྲན་སྡུར་སོགས་ཕྱོགས་མང་པོའི་ཐད་ཀྱི་དམངས་ཕན་བྱེད་ཐབས་བཏོན་རྒྱུ་རེད།བྱེད་སྒོ་སྤེལ་ཡུལ་གཙོ་བོར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་འགྲན་སྡུར་དང་མཉམ་དུ་ཡུལ་སྐོར་དུ་བསྐྱོད་ཅེས་པའི2026ལོའི་དབྱར་གསེང་རིང་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་འགྲན་སྡུར་བྱེད་སྒོའི་དཀར་ཆག་བསྒྲགས་པ་དང་། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་དབྱར་དུས་སྐྱེལ་འདྲེན་དང་རིག་གནས་ཡུལ་སྐོར་དམངས་ཕན་གྱི་བྱེད་ཐབས་བསྒྲགས་པ། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་དབྱར་གསེང་ཚ་གཡོལ་ས་བཀྲ་དང་སྐར་གཟིགས་ཕྱོགས་སྟོན་བསྒྲགས་པ། ཀྲུང་གོ་དངུལ་ཁང་མཉམ་འབྲེལ་ལྷན་ཚོགས་དང་དངུལ་སྤྲོད་ནོར་ཁུག་གིས་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དངུལ་རྩ་དམངས་ཕན་བྱ་ཐབས་བསྒྲགས་པ་རེད།

འཛད་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོ་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱིས་ལམ་ཐིག16དང་འཁོར་གཏོང་ལམ་ཐིག་ཡག་པོ5།རྨ་ཆུ་ཡུལ་སྐོར་ལམ་ཐིག4བཅས་འདོན་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་སྤུས་ལེགས་རི་ཆུའི་སྐྱེ་ཁམས་དང་མིའི་རིག་ཡུལ་ལྗོངས་སྦྲེལ་མཐུད་བྱས་ཏེ། མཚོ་སྔོན་ཁྱིམ་གྱི་གསོལ་སྟོན་ཞེས་པ་ཁྱབ་གདལ་བྱེད་སྒོ་སྤེལ་བར་མ་ཟད། སྒོ་འཛིན་དང་ཞག་སྡོད། ཡུལ་སྐོར་ལམ་ཐིག། འགྲིམ་འགྲུལ་ཕྱིར་སྐྱོད་སོགས་ལ་ཁེབས་པའི་རིག་གནས་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི2000སྤྲད་རྒྱུ་རེད།།( བདེ་ཆེན་གྱིས་བསྒྱུར།)