国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཁབ་རིག་དངོས་ཅུས་ཀྱིས《རྒྱལ་དབང་རིག་དངོས་ཐོན་ཁུངས་ དན་གྲངས་དོ་དམ་བྱ་ཐབས》བཀྲམ།

སྤྱི་ཟླ7པའི་ཚེས7ཉིན་གསར་འགོད་པས་རྒྱལ་ཁབ་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས《རྒྱལ་དབང་རིག་དངོས་ཐོན་ཁུངས་དན་གྲངས་དོ་དམ་བྱ་ཐབས》བཀྲམ་པ་རེད།བྱ་ཐབས་དེ2026ལོའི་སྤྱི་ཟླ11པའི་ཚེས1ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་དབང་རིག་དངོས་ཐོན་ཁུངས་དན་གྲངས་ཀྱི་གཞི་ཁྱོན་ཆེ་བ་དང་ནང་དོན་ཕུན་སུམ་ཚོགས་པ། བཀོལ་སྤྱོད་རྒྱ་ཆེ་བ་དང་སྤྱི་ཚོགས་ལ་དགོས་མཁོ་ཆེན་པོ་ཡོད་པ་རེད། རྒྱལ་དབང་རིག་དངོས་ཐོན་ཁུངས་དན་གྲངས་ཐོན་སྐྱེད་ཚད་ལྡན་དུ་གཏོང་བ་དང་། རྒྱལ་དབང་རིག་དངོས་ཐོན་ཁུངས་དན་གྲངས་ཉེན་མེད་འགན་ལེན་བྱེད་པ། རྒྱལ་དབང་རིག་དངོས་ཐོན་ཁུངས་དན་གྲངས་གོ་རིམ་ལྡན་པའི་སྒོ་འབྱེད་བེད་སྤྱོད་ལ་ཁྲིད་སྟོན་བྱེད་པ། རྒྱལ་དབང་རིག་དངོས་ཐོན་ཁུངས་དན་གྲངས་ཀྱི་མི་མངོན་པའི་ནུས་པ་སྐུལ་སློང་བཅས་བྱ་ཆེད།རྒྱལ་ཁབ་རིག་དངོས་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དན་གྲངས་ཉེན་མེད་བཅའ་ཁྲིམས།》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དྲ་བ་ཉེན་མེད་བཅའ་ཁྲིམས》སོགས་ལ་གཞིགས་ནས་ཁྲིམས་ལུགས་ཁྲིམས་སྲོལ་ཞིབ་འཇུག་གི་བྱ་ཐབས་བཏོན་པ་རེད།

བྱ་ཐབས་ནང་རྒྱལ་དབང་རིག་དངོས་ཐོན་ཁུངས་དན་གྲངས་ཞེས་པ་ནི་རྒྱལ་དབང་རིག་དངོས་དོ་དམ་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་པའི་གློག་རྡུལ་རྣམ་པའི་ཐོག་ནས་དོ་དམ་བྱེད་པའི་རིག་དངོས་ཐོན་ཁུངས་ཀྱི་གནས་ཚུལ་ཐོ་འགོད་ལ་ཟེར། དེ་ལས་གདོད་མའི་དན་གྲངས་དང་ལས་སྣོན་བྱས་པའི་དན་གྲངས།འགྱུར་སྐྱེ་དན་གྲངས་བཅས་ཚུད་ཡོད། རྒྱལ་དབང་རིག་དངོས་ཐོན་ཁུངས་དན་གྲངས་ནི་རྒྱལ་ཁབ་ལ་དབང་བ་ཡིན་པས་རྒྱལ་དབང་རིག་དངོས་དོ་དམ་ལས་ཁུངས་ཀྱིས་དོ་དམ་བྱེད་འགན་འཁུར་དགོས།

བྱ་ཐབས་ནང་བཏོན་པའི་དན་གྲངས་ཞབས་ཞུས་དྲང་པོ་དྲང་གཞག་དང། དམངས་ལ་སྟབས་བདེའི་རྩ་དོན་བརྩི་སྲུང་བྱས་ནས་གདོད་མའི་དན་གྲངས་ཁྱབ་ཁོངས་ལས་མི་བརྒལ་བ་དང་།དན་གྲངས་ཚོད་འཛིན་ཐུབ་པའི་ཚད་འཇལ་བླང་བྱར་དམིགས་ཏེ། ལས་སྣོན་བྱས་པའི་དན་གྲངས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཞབས་ཞུ་མཁོ་སྤྲོད་བྱས་པ་རེད། བྱ་ཐབས་ནང་སྒོ་དབྱེ་ཆོག་པ་དང་སྒོ་དབྱེ་མི་ཆོག་པའི་རྒྱལ་དབང་རིག་དངོས་ཐོན་ཁུངས་དན་གྲངས་ཀྱི་རིགས་གཏན་འབེབས་བྱས་པ་དང་། རང་འགུལ་ཡོངས་བསྒྲགས་དང་ཁེ་གཉེར་རང་བཞིན་མིན་པའི་བེད་སྤྱོད། ཁེ་གཉེར་རང་བཞིན་གྱི་བེད་སྤྱོད་བཅས་ཀྱི་བཀོལ་སྤྱོད་རྣམ་པ་དང་ཞབས་ཞུ་བྱེད་སྟངས་ཁ་གསལ་བཟོས་ཡོད་པ་རེད།

བྱ་ཐབས་ནང་རིག་དངོས་སྲིད་འཛིན་སྡེ་ཚན་དང་རྒྱལ་དབང་རིག་དངོས་དོ་དམ་ལས་ཁུངས།འབྲེལ་ཡོད་བྱེད་པོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབས་ལ་དམིགས་ནས་སུས་དོ་དམ་བྱས་ན་དེས་འགན་ཁུར་རྒྱུ་དང་། སུས་བེད་སྤྱོད་བྱས་ན་དེས་འགན་ཁུར་རྒྱུ་ཡི་རྩ་དོན་རྒྱུན་འཁྱོངས་ཏེ། རྒྱལ་དབང་རིག་དངོས་ཐོན་ཁུངས་དན་གྲངས་དོ་དམ་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་དགོས། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བའི་དན་གྲངས་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གསང་སྲུང་གཏན་འབེབས་ལ་དམིགས་ནས་ལག་བསྟར་བྱ་དགོས།། ( བདེ་ཆེན་གྱིས་བསྒྱུར།)