དབྱར་ཟླ་བདུན་པར་དར་མདོ་གྲོང་ཁྱེར་ཕུ་མདའ་ཡུལ་ཤོག་གི་མུའུ་སྟོང་ཡོད་པའི་ཅུ་ལི་སྔོན་པོ་སྨིན་ནས་བསྡུ་བའི་དུས་ཚིགས་སུ་སླེབས་ཤིང་། སྐྱེ་ཁམས་དང་ཉི་འོད་སོགས་ས་ཆུའི་ཆ་རྐྱེན་བཟང་པོ་ལ་བརྟེན་ནས་ཡུལ་ཤོག་ཡོངས་ཀྱི་མུའུ1200ཡི་ཅུ་ལི་སྔོན་པོའི་ཐོན་ཚད་ལེགས་པ་དང་། ལྷག་པར་དུ་གསར་དར་སྨད་པའི་གྲོང་ཚོའི་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞིར་ཤིང་འབྲས་ཐོག་མ་སྐྱེས་ཤིང་སྐྱེ་ཚུལ་ལེགས་པོ་བྱུང་སྟེ། ཐར་ཐོར་བེད་མེད་ཀྱི་ས་ཞིང་བེད་སྤྱད་ནས་སྐྱེ་ཁམས་ཐོན་ཁུངས་དེ་ཡོང་འཕར་ཐོན་ཁུངས་ལ་བསྒྱུར་ཡོད།
ཐོན་རྫས་ཕྱིར་ཚོང་གི་དགོས་མཁོར་དམིགས་ཏེ་ས་གནས་དེ་གའི་ཏང་ཀྲི་པུའུ་ཡིས་ཁེ་ལས་དང་འབྲེལ་ནས་ཕྱིར་ཚོང་གི་ཐབས་ལམ་བརྟན་པོ་བཙུགས་ཏེ་ཤིང་འབྲས་ཕྱིར་ཚོང་གི་གནད་དོན་ཐག་བཅད་པ་དང་། ཅུ་ལི་སྔོན་པོའི་ཐོན་ལས་ཀྱི་བརྒྱུད་རིམ་ཧྲིལ་པོར་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་བསྡུས་ཏེ་ཡུལ་དེ་གའི་མི་སེར་ཚོ་ཐག་རིང་འགྲོ་མི་དགོས་པར་སྒོ་འགྲམ་ནས་གླ་རྒྱག་ཆོག་པས་ལས་གནས་བརྟན་ལ་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཡུལ་ཤོག་ཡོངས་ཀྱི་ཅུ་ལི་སྔོན་པོའི་ཐོན་འབབ་ཏུན150ལྷག་ལ་ཟིན་ནས་ཐོན་ལས་དམངས་ཕྱུག་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུ་རེད།
མ་འོངས་པར་ཕུ་མདའ་ཡུལ་ཤོག་གིས་ཚད་ལྡན་ཅན་གྱི་འདེབས་འཛུགས་མུ་མཐུད་དེ་ལེགས་སུ་གཏང་བ་དང་། སྲིད་གཞུང་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏང་བ། ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་བཅས་བྱས་ནས་ཅུ་ལི་སྔོན་པོ་ཐོན་ལས་ཀྱི་སྤུས་ལེགས་རིམ་སྤར་ལ་སྐུལ་འདེད་བཏང་སྟེ། ཁྱད་ཆོས་ཐོན་ལས་ཀྱིས་ཡུལ་སྡེ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ཤུགས་བསྣན་རྒྱུ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
