ལོ་ངོ་དགུ་བཅུའི་སྔོན་དམར་དམག་གིས་འབའ་ཐང་རྫོང་གདམ་པ་ཡུལ་ཤོག་གདམ་པ་གྲོང་ཚོར་སྒར་རྒྱག་མྱོང་བ་དང་།སྔོན་ཆད་ཀྱི་འཚོ་རྟེན་ཞན་པའི་མཐའ་འཁོབ་ཀྱི་གྲོང་ཚོ་འདི་དེང་སང་གསར་བརྗེའི་རིག་གནས་ཀྱི་རྩ་བ་ཚུགས་ཤིང་།གནའ་བོའི་འཛུགས་སྐྲུན་ཐོན་ཁུངས་ཕུན་སུམ་ཚོགས་པ། ཁྱད་ཆོས་ལྡན་པའི་མཐོ་སྒང་གི་ཐོན་ལས་བཅས་ལ་བརྟེན་ནས་ཀྲུང་གོ་སྲོལ་རྒྱུན་གྲོང་སྡེའི་མིང་ཐོ་ཁག་དྲུག་པའི་ནང་ཚུད་པ་རེད།
གནའ་སྡོང་གིས་དམག་དམངས་ཀྱི་འགྱུར་མེད་མཛའ་བརྩེ་བདེན་དཔང་བྱས།
1936ལོའི་ཟླ་བ6པར། ཧོ་ལུང་གིས་སྣེ་ཁྲིད་པའི་དམར་དམག་འབུམ་ཤོག་གཉིས་པ་གདམ་པ་གྲོང་སྡེར་ཉིན་བཅུ་ལྷག་བསྡད་པ་དང་། དམར་དམག་ཚོས་སྒྲིག་ཁྲིམས་ནན་སྲུང་དང་དམངས་ལ་རོགས་རམ་བྱས་པས་ས་གནས་དེ་གའི་མང་ཚོགས་ཀྱིས་དྲིན་ཅན་སེམས་སུ་བསྒོམས་ཏེ་རང་ནུས་ཡོད་རྒུས་ཕན་ཚུན་རོགས་རམ་བྱས་པ་སོགས་དམག་དམངས་བར་གྱི་འོ་ཆུ་ལྟ་བུའི་མཛའ་བརྩེ་ཟབ་མོ་རིང་དུ་བསྲིངས་པ་རེད།
རྒྱ་དབྱིངས་གྲོང་རྡལ་གྱི་ལས་བྱེད་པ་ཚེ་རིང་གཡུ་སྒྲོན་གྱིས་ད་ལྟ་ང་ཚོའི་མདུན་གྱི་ལམ་ཆུང་འདི་ནི་སྔོན་ཆད་དམར་དམག་ཚོ་བསྐྱོད་མྱོང་བའི་ལམ་ཡིན་ལ། གྲོང་པའི་ནང་ལམ་འདིའི་མིང་ལ་གུང་ཁྲན་ལམ་ཞེས་འབོད་པ་དང་། སྔོན་ཆད་དམར་དམག་བསྐྱོད་མྱོང་བའི་ཟམ་པར་དམར་དམག་ཟམ་པ་ཞེས་མིང་བཏགས་པ་རེད། གྲོང་པ་ནང་གི་གནའ་སྡོང་འདི་གསུམ་པོ་ནི་སྐབས་དེ་དུས་དམག་སྤྱི་ཧོ་ལུང་དང་དམག་དཔུང་གིས་རྟ་བཏགས་ས་ཡིན་པས། དེང་སང་རིམ་པ་དང་པོའི་གནའ་སྡོང་སྟེ་གཙོ་གནད་སྲུང་སྐྱོང་བྱ་ཡུལ་ཡིན་པས་མི་རབས་ནས་མི་རབས་བར་གཅོད་མི་ཆོག་པར་སྲུང་སྐྱོང་བྱེད་པའི་ལུགས་སྲོལ་ཆགས་ཡོད་ཅེས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས།
ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་གསར་བརྗེའི་སྙིང་སྟོབས་མུ་མཐུད་དེ་རྒྱུན་འཛིན་བྱ་ཆེད། འབའ་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡིས་སྣེ་ཁྲིད་དེ་གདམ་པ་གྲོང་ཚོའི་གསར་བརྗེ་གཙོ་དོན་གྲོང་ཚོ་ལོ་རྒྱུས་ཁང་འཆར་འགོད་འཛུགས་བསྐྲུན་བྱས་པ་དང་། འགྲེམས་ཁང་དེ་གསར་བརྗེའི་རིག་གནས་གཙོར་བྱས་ཏེ་གྲོང་ཚོ་དེའི་གསར་བརྗེའི་གཏམ་རྒྱུད་དང་། སྔ་རབས་པ་ཚོའི་མཛད་རྗེས། གྲོང་ཚོའི་འཕོ་འགྱུར་དང་ཡུལ་སྲོལ་དམངས་སྲོལ་བཅས་གསེད་བཀྲོལ་བྱས་པ་དང་། རྒན་པའི་ངག་ཐོག་གི་དཔྱད་གཞི་ཡིག་ཚགས་དང་དམར་དམག་གིས་སྤྱད་མྱོང་བའི་དངོས་པོ་རྙིང་པ་ལེགས་སྒྲིག་བྱས་ཏེ་འགྲེམས་ཁང་དུ་དྲན་ཤེས་ཉར་ཚགས་དང་། བསམ་བློ་སློབ་གསོ། རིག་གནས་བརྒྱུད་སྤེལ་བཅས་ཀྱི་ནུས་པ་ལྡན་པར་བྱས་ནས་མང་ཚོགས་ལ་ལོ་ཟླར་ཕྱིར་དྲན་དང་། འཕོ་འགྱུར་དྲན་གསོ། ཕ་ཡུལ་ལ་བརྩེ་སེམས་ཟབ་ཏུ་འཆང་བར་སྐུལ་སློང་བྱས།
གྲོང་རྡལ་གྱི་ཧོང་ཞིན་ཐིང་དམར་དམག་སློབ་ཆུང་དང་གུང་ཁྲན་ཟམ་པ་སོགས་གསར་བརྗེའི་གནས་ཡུལ་མང་པོ་སྦྲེལ་མཐུད་བསྡུ་སྒྲིལ་དང་གཞི་གཅིག་འཛུགས་སྐྲུན་བྱས་ནས་རྫོང་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བསྐྲུན་པ་རེད། ཡུལ་སྦྲེལ་གསར་བརྗེའི་གནས་ཡུལ་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱིས་གསར་བརྗེའི་སྒྲོག་འགྲེལ་དང་། ཞིབ་འཇུག་སློབ་སྦྱོང་ལྟ་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཚུལ་ལྡན་ཡུལ་སྲོལ་ཇེ་བཟང་གཏོང་བ། མུ་མཐད་དེ་གྲོང་རྡལ་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་དང་ཡུལ་སྡེ་དར་རྒྱས་ལ་གསར་བརྗེ་རིག་གནས་ཀྱི་སྒུལ་ཤུགས་ཆེན་པོ་བསྣན།
གནའ་བོའི་གྲོང་ཚོ་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོར་གྱུར།
ཉེ་བའི་ལོ་བཅུའི་རིང་། ས་གནས་དེ་གས“གསར་བརྗེའི་ཐོན་ཁུངས་དང་གནའ་བོའི་འཛུགས་སྐྲུན་ཐོན་ཁུངས”ཀྱི་དགེ་མཚན་གཉིས་ལ་གཞི་ཚུགས་ནས་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་ཚད་གཞིར་གཞིགས་ཏེ། “སྔར་བཞིན་ཉམས་གསོ་དང་སྔར་རྣམ་སྲུང་སྐྱོང”གི་རྩ་དོན་མཐའ་འཁྱོངས་ནས་ཡུལ་མིའི་སྡོད་ཁང་ཉམས་གསོ་དང་། ཕྱི་རྣམ་དོ་དམ་ཚོད་འཛིན། གནའ་བོའི་འཛུགས་སྐྲུན་ཡིག་ཚགས་བཟོ་བ་བཅས་བརྒྱུད་རིམ་ལྡན་པའི་སྒོས་ལས་དོན་སྤེལ་བ་དང་། ས་རྡུང་གྱང་རྩིག་དང་། སྒེའུ་ཁུང་བརྐོས་མ། བོད་ཀྱི་སྒོ་རའི་ཁྱད་ཆོས་བཅས་ཆ་ཚང་སོར་འཇོག་གི་རྨང་གཞིའི་ཐོག་ཆུ་གློག་སྦུག་དྲྭ་དང་། མེ་གསོད་རྒྱུ་ཆས། ཨར་འདམ་འགྲོ་ལམ་བཅས་འཐུས་ཚང་དུ་བཏང་སྟེ་གནའ་གྲོང་གི་རྣམ་པ་དོད་པར་མ་ཟད། མི་སྡོད་ཁོར་ཡུག་གི་ཞན་ཆ་ཡང་བསྐངས་ཐུབ་པ་རེད།2023ལོར། གདམ་པ་གྲོང་སྡེ་ནི་ཀྲུང་གོ་སྲོལ་རྒྱུན་གྲོང་སྡེའི་མིང་ཐོ་ཁག་དྲུག་པར་བདམས་ཐོན་བྱུང་ནས་གྲོང་སྡེ་རྙིང་པ་དེར་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས་ཡོད།
རྒྱ་དབྱིངས་གྲོང་རྡལ་གྱི་དྲིལ་བསྒྲགས་ཨུ་ཡོན་ཧྭ་ཡུས་ཀྱིས་བོད་ཁང་གསར་པ་ཞིག་ལ་མཛུབ་མོ་བཙུགས་ནས་ཁང་པ་དེ་ནི་ཧྲོང་ལིའུ་ཡིས་མ་དངུལ་བཏང་ནས་རོགས་སྐྱོར་འཛུགས་སྐྲུན་བྱས་པ་ཡིན་ལ། ཁང་པ་དེ་ནི་གསར་བརྗེའི་འགྲེམས་སྟོན་ཁང་དང་ཞག་སྡོད། བཟའ་བཏུང་། རོལ་རྩེད་བཅས་གཞི་གཅིག་ཅན་ཞིག་ཡིན། རྗེས་མར་ཡུལ་སྐོར་བ་ཚོ་འདི་ནས་ཡུལ་སྐོར་དང་། ཞག་སྡོད། བཟའ་བཏུང་བཅས་བྱ་ཆོག་པར་མ་ཟད། ཚོགས་པའི་ཞིབ་འཇུག་སློབ་སྦྱོང་ཡང་བྱ་ཆོག་པས་མི་སེར་གྱི་དཔལ་འབྱོར་ཡོང་འབབ་འཕར་བར་ཕན་ཐོགས་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
ལུག་མིག་མེ་ཏོག་དང་བྲ་བོའི་ཐོན་ལས་ཀྱིས་ཡོང་འབབ་སྤར།
ཉེ་བའི་ལོ་ཤས་རིང་། གདམ་པ་གྲོང་ཚོས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་སྲོལ་རྒྱུན་འདེབས་འཛུགས་གསོ་སྤེལ་གྱི་བཀག་རྒྱ་ལས་བསྒྲལ་ཏེ་ཁྱད་ཆོས་ཐོན་ལས་འཚོལ་ཞིབ་བྱས་ཤིང་། 2016ལོར། གྲོང་པ་དེས་མཐོ་སྒང་གི་ལུག་མིག་མེ་ཏོག་བཏབ་ནས་ནས་དང་ཞོག་ཁོག་ཁོ་ན་དང་།གནམ་གཤིས་ལ་བརྟེན་ནས་འཚོ་བ་རོལ་སྟངས་ཀྱི་ཐོན་ལས་རྐྱང་པའི་རྣམ་པ་བསྒྱུར་བ་རེད།
ཡུལ་མི་ཀུན་བཟང་སྒྲོལ་མ་ནི་ཐོག་མར་ལུག་མིག་མེ་ཏོག་འདེབས་མཁན་ཡིན་ཞིང་། མོས་ཕྱིར་དྲན་བྱས་པར་སྐབས་དེ་དུས་གྲོང་སྡེར་བཅའ་སྡོད་བྱས་པའི་ལས་བྱེད་པ་ངའི་ཁྱིམ་དུ་ཡོང་ནས་ལུག་མིག་མེ་ཏོག་འདེབས་རྒྱུ་ནི་ལས་ཀ་ཡག་པོ་ཞིག་ཡིན་པའི་བློ་ཕུད་པར་བརྟེན།ངས་ཞིང་རྨོ་གང་གི་ལུག་མིག་མེ་ཏོག་བཏབ་པར་སྒོར་ཁྲི་ལྔ་ལྷག་གི་ཡོང་འབབ་རག་བྱུང་ཞེས་གསར་འགོད་པར་དེ་ལྟར་བཤད། དེ་རྗེས་རིམ་བཞིན་ལུག་མིག་མེ་ཏོག་གི་ཁེ་བཟང་ཐོབ་པ་ཤེས་ནས་གྲོང་པའི་ནང་ལུག་མིག་མེ་ཏོག་འདེབས་མཁན་ཇེ་མང་དུ་གྱུར་ཡོད། ཡུལ་མི་ཁག་གཅིག་གིས2017ལོར་བྲ་བོ་མུའུ120བཏབ་ནས་རོགས་སྐྱོར་ལས་ཁུངས་ཏེ་རྒྱལ་ཁབ་མཁའ་འགྲུལ་ལྷོ་ནུབ་ཡན་ལག་སྤྱི་གཉེར་ཁང་གིས་ཉོ་སྒྲུབ་བྱེད་རོགས་བྱས་པས་ཕྱིར་ཚོང་གི་དཀའ་གནད་ཐག་བཅད་པ་རེད། དེ་ལྟར་གྲོང་པའི་ནང་ཚང་མས་གཅིག་རྗེས་གཉིས་མཐུད་དུ་སྔོ་ཚལ་དང་ཤིང་འབྲས་བཏབ་པས་ཡོང་འབབ་ཀྱི་ཐབས་ལམ་སྔར་བས་སྣ་མང་ཅན་དུ་གྱུར་ཡོད།
གསར་བརྗེའི་བླ་སྲོག་སྐྱོང་བ་དང་ཐོན་ལས་རང་བརྟེན་གཉིས་ཕན་གྱི་ནུས་པ་ཐོན།
ལོ་མང་རིང་གི་འཕེལ་རྒྱས་ལ་བརྟེན་ནས་གདམ་པ་གྲོང་སྡེས“གསར་བརྗེའི་བླ་སྲོག་གིས་འདུ་ཤེས་འཕེལ། གནའ་བོའི་འཛུགས་སྐྲུན་གྱིས་གཟུགས་བརྙན་བསྐྲུན། ཐོན་ལས་དར་རྒྱས་ཀྱིས་རང་སྟོབས་འཕེལ”བ་བཅས་ཀྱི་ཡུལ་སྡེ་དར་རྒྱས་ཀྱི་རྣམ་པ་བཏོད་དེ་ཁྱད་ཆོས་ཐོན་ལས་ལ་བརྟེན་ནས་ཕན་འབྲས་བརྟན་དུ་གཏོང་བ་དང་། ཐོན་ལས་ཁེ་སྤོགས་ཀྱིས་གནའ་བོའི་འཛུགས་སྐྲུན་ཉམས་གསོ་དང་གསར་བརྗེའི་གནས་ཡུལ་དོ་དམ་སྲུང་སྐྱོང་ལ་རོགས་བྱས་ཏེ། རིག་གནས་ཡུལ་སྐོར་དང་། ཞིང་ལས་ཐོན་རྫས། རིག་གནས་བརྒྱུད་འཛིན་བཅས་ཕན་ཚུན་རོགས་རམ་དང་རང་སྟོབས་རང་འཕེལ་གྱི་རྣམ་པ་མངོན་གྱུར་བྱུང་ཡོད།
རྒྱ་དབྱིངས་གྲོང་རྡལ་ཏང་ཨུའི་འགན་འཁུར་བས་རྒྱ་དབྱིངས་གྲོང་རྡལ་གྱིས་གདམ་པ་གྲོང་སྡེའི་གསར་བརྗེའི་ལོ་རྒྱུས་སྔོག་འདོན་གཏིང་ཟབ་བྱས་ནས“གསར་བརྗེའི་བླ་སྲོག་གིས་འདུ་ཤེས་འཕེལ། གནའ་བོའི་འཛུགས་སྐྲུན་གྱིས་གཟུགས་བརྙན་བསྐྲུན། ཐོན་ལས་དར་རྒྱས་ཀྱིས་རང་སྟོབས་འཕེལ”བ་ཡི་ཡུལ་སྡེ་དར་རྒྱས་ཀྱི་སྤྱིའི་བསམ་བློ་གྲུབ་པ་དང་།མ་འོངས་པར“རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཞིང་ལས་རིག་གནས་ཡུལ་སྐོར། ཁྱད་ཆོས་ཐོན་ལས”བཅས་མཉམ་འདྲེས་ཐབས་ལམ་མུ་མཐུད་ནས་རྒྱ་བསྐྱེད་དེ་ཡུལ་སྡེ་དར་རྒྱས་ཀྱི་ཕུགས་ཕན་ལམ་བུ་ཞིག་གཏོད་རྒྱུ་ཡིན”ཞེས་བཤད་པ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
