དྭངས་གཙང་དྲི་མེད་བཞིན་དུ་འཛུམ་པའི་ཞལ།།
བསིལ་བའི་རེག་པ་བསྩལ་ནས་ཡིད་འོང་འཕེལ།།
དཀར་ལ་གསལ་བ་དང་མཚུངས་བརྩེ་བ་ཅན།།
ཡུམ་ཆེན་ཟླ་བའི་མཚན་ཅན་བསིལ་བྱེད་འདྲ།།
བྱམས་བརྩེའི་འཛུམ་པའི་ཞལ་རས་དང་མཚུངས་པ།།
འདབ་སྟོང་ལྷུག་ལྷུག་གྲོལ་བ་ལང་ཚོའི་དཔལ།།
བཅོས་མིན་དགའ་བདེ་སྟེར་བ་ཇི་བཞིན་ངང་།།
མཛེས་སྡུག་མངོན་པ་མཐོ་བའི་ཡིད་འོང་འདྲེན།།
འཁོར་བའི་འདུ་འཛི་གསེང་གི་དྲིན་ཆེན་མ།།
ཇི་བཞིན་མུན་པའི་ཀློང་གི་བསིལ་ཟེར་ཅན།།
དཀར་གསལ་ཟླ་བའི་ཟེར་གྱིས་མུན་སེལ་བཞིན།།
བུ་ཆུང་ནུས་མེད་སྟོབས་ཆུང་ཡུམ་གྱིས་སྐྱོང་།།
སྡུག་གི་མཚོ་མོ་འཁྱིལ་བའི་འཁོར་བ་ལས།།
རང་བས་གཞན་གཅེས་འཛིན་པའི་ཐུགས་བསྐྱེད་ནི།།
དབྱངས་ཀྱི་ལྷ་མོའི་བརྩེ་འདུན་དང་མཚུངས་པ།།
བཙལ་ཀྱང་རྙེད་དུ་མེད་པའི་དཔེར་གཅིག་ཉིད།།
མ་བཅོས་རང་བྱུང་ཁམས་ཀྱི་མཛེས་སྡུག་ལས།།
སྤྲུལ་པའི་རྣམ་འཕྲུལ་ཚོགས་ཀྱིས་མ་གོས་པ།།
མ་ལོའི་འཛུམ་ཞལ་དང་མཚུངས་ཆུ་གཏེར་ལྟར།།
སྲིད་ན་དངོས་གཞན་བདོག་ན་དཔེ་རུ་བླངས།།
ལྷ་མོ་ཁྱེད་ཀྱི་འཛུམ་མདངས་ཁོ་ན་ཡིས།།
དྲིན་ཆེན་མ་ལོའི་བརྩེ་ཞེན་མཚོན་མེད་པ།།
རྣམ་ཀུན་བསྐྱབས་ཏེ་ངལ་བའི་ཁུར་ལྕི་མོ།།
མ་ལོའི་ལས་དང་ཚུལ་བཞིན་སྒྲུབ་པས་ཀྱང་།།
ཐུགས་རྒྱ་ཡངས་པའི་དཔལ་དུ་བརྩེ་འདུན་རྒྱས།།
བྱམས་སྐྱོང་གཏིང་མཐའི་ཀློང་དུ་ནར་སོན་པའི།།
ཡུམ་ཆེན་བཀའ་དྲིན་ཅན་དང་འཕགས་མ་ཚོགས།།
མཚན་དཔེ་སྤྲས་པ་ཙམ་ལས་དབྱེར་མ་མཆིས།།
དྭངས་གསལ་ཟླ་བ་དཀར་པོའི་མཛེས་པ་ཡིས།།
བརྩེ་ལྡན་མ་ལོའི་འཛུམ་པར་སྙེམས་མི་འཚལ།།
འཇིགས་བརྒྱད་གཡུལ་ལས་སྒྲོལ་བ་ཏ་རེ་ཡི།།
མཛེས་སྡུག་རྣམ་ཀུན་ཚོགས་ལའང་དེ་བཞིན་མཐོང་།།
ལྗང་མདོག་རི་ལུང་ཀླུབ་པ་དཔྱིད་ཀའི་མདངས།།
མཛེས་པའི་ཉམས་འགྱུར་མངོན་པ་ཇི་སྙེད་དེས།།
འཛུམ་ཞལ་དགྱེས་པའི་རྣམ་པ་མཆིས་གྱུར་ན།།
སྐྱེ་བའི་ལམ་སྟེར་མ་དང་མཚུངས་པར་འགྱུར།།
འཛུམ་དཀར་གཡོ་བ་ལང་ཚོའི་མདངས་ཆགས་པ།།
བྱམས་བརྩེའི་སེམས་པ་བསིལ་བའི་རང་བཞིན་ཏེ།།
བསླུ་མེད་ཡུམ་གྱི་སྤྱོད་ལམ་མ་འདྲེས་ཚོགས།།
མཚན་མོའི་མགོན་པོ་མཚུངས་པའི་དཔེ་རུ་སྦྱར།།
སེམས་རྒྱུད་བརྩེ་བའི་མཚོ་མོ་འཁྱིལ་བ་གང་།།
ནམ་རྒྱུན་བྲེལ་བས་མནར་བའི་མ་ཡུམ་མཆོག །
བཅུ་དྲུག་ལང་ཚོ་ཕྱུག་པའི་དབྱངས་ཅན་ལྟར།།
བརྩེ་བའི་སྤྱན་ཟུང་ཡངས་པའི་རྣམ་པ་མཛེས།།
དྲུག་ཅུའི་ངག་རིག་སྙན་མོས་གཞན་ཡིད་འཕྲོག །
དབྱངས་ཅན་པི་ཝང་སྒྲོག་པས་དྭངས་སེམས་འདྲེན།།
ཨ་མའི་བརྩེ་བའི་ངག་གིས་ཡུན་རིང་སྐྱོང་།།
འདི་གསུམ་རྣམ་པ་འགལ་ཡང་འདྲ་བར་འཁུམས།།
རབ་གསལ་ཟླ་བའི་ལང་ཚོ་གློ་བུར་བ།།
མགོ་ལྕོག་ལྡེམ་པའི་མེ་ཏོག་རྙིད་ཀྱིས་ཟིན།།
མ་ལོའི་ཟོལ་མེད་བརྩེ་བའི་རང་བཞིན་ནི།།
གང་དེར་མཚུངས་ཀྱང་ཁྱད་པར་ཤིན་ཏུ་མང་།།
༼ ཁམས་འོད་གསལ། ༽
