གནའ་སྔ་མོ་སྔ་མོ་ཞིག་ལ། གླང་པོ་ཆེ་གཅིག་དང་སྲིན་མོ་ལག་དཀར་ཟེར་བ་གཅིག། ཚེ་ལྷ་སྒྲོལ་མ་ཟེར་བ་ཞིག། ཇག་པ་སྤུན་བདུན་ཟེར་བ་གཅིག་བཅས་ས་ཆ་གཅིག་ན་འཚོ་སྡོད་བྱེད་ཡོད་པ་རེད། གླང་པོ་ཆེ་དང་སྲིན་མོ་ལག་དཀར་འགྲོགས་ནས་ཤིན་ཏུ་འཆམ་པས་བུ་སྤུན་ལྟར་གྱུར། ཡིན་ཡང་ཚེ་ལྷ་སྒྲོལ་མ་ཟེར་བ་དེ་དུས་རྒྱུན་ཁ་ལ་བདག་བཟུང་མེད་པ་ཞིག་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་དཀྲུག་ཤིང་རྒྱག་རྒྱུར་ཆེས་དགའ་པོ་ཡོད་པས་གླང་པོ་ཆེ་དང་འཕྲད་དུས་སྲིན་མོ་ལག་དཀར་གྱིས་ཁྱོད་རྒྱབ་བཤད་བྱེད་བཞིན་འདུག་ཟེར་བ་དང་སྲིན་མོ་ལག་དཀར་དང་འཕྲད་དུས་གླང་པོ་ཆེས་ཁྱོད་རྒྱབ་བཤད་བྱེད་བཞིན་འདུག་ཟེར་ནས་དཀྲུག་ཤིང་རྐྱང་རྐྱང་བྱས།
ཉིན་ཞིག་ལ་གླང་པོ་ཆེ་ཡང་ཚེ་ལྷ་སྒྲོལ་མ་དང་འཕྲད་པས་ཁོས་གླང་པོ་ཆེ་ལ་སྲིན་མོ་ལག་དཀར་གྱིས་ཁྱོད་རྒྱབ་བཤད་བྱེད་བཞིན་འདུག་ཟེར་བས་གླང་པོ་ཆེ་ཁོང་ཁྲོ་ཚད་མེད་ལངས་ནས་སྲིན་མོ་ལག་དཀར་གྱི་ཚང་ཡོད་སར་ཕྱིན་ནས་ཚང་ལ་སྣ་ཞགས་ཀྱིས་བརྒྱབ་ནས་ཚང་དེ་བཤིགས་པ་རེད། སྲིན་མོ་ལག་དཀར་མཚན་མོ་ཕྱིར་ལོག་ནས་ཚང་ནང་ཉལ་ས་ཡོང་དུས་ཚང་གཏོར་ནས་ཉལ་ས་མེད་པས་གླང་པོ་ཆེའི་གཏོར་བ་ཤེས་ནས་ཐད་ཀར་གླང་པོ་ཆེ་སར་སོང་ནས་གཏམ་ཚིག་གཅིག་ཀྱང་མ་བཤད་པར་གླང་པོ་ཆེའི་རྣ་ཅོར་འཛུལ་ནས་རྣ་ནང་སྡེར་མོ་བརྒྱབ་པས་གླང་པོ་ཆེན་རྣ་ཅོ་བརྡིབས་ནས་ཤི། སྲིན་མོ་ལག་དཀར་ཡང་གླང་པོ་ཆེའི་རྣ་ཅོ་ནང་ནས་ཕྱིར་ཐོན་མ་ཐུབ་པས་ཤི་སོང་།
གླང་པོ་ཆེའི་རོ་དེ་ན་ཡོད་པ་ཇག་པ་སྤུན་བདུན་གྱིས་མཐོང་བས་ཁོ་བདུན་པོས་གྲི་དང་བཅས་པའི་ལག་ཆ་ཁུར་ནས་གླང་པོ་ཆེ་བཤའ་ཞིང་། བཤས་ནས་ཁོ་བདུན་པོ་ལས་བགོ་བརྒྱབ་ནས་གསུམ་གྱིས་རྒྱུ་མ་བཀྲུ་རྒྱུ་དང་བཞི་ཡིས་ཤ་བསྲེག་དགོས་ཟེར་ནས་རང་རང་གི་ལས་བགོ་ལྟར་ལས་སུ་སོང་། ཡང་ཚེ་ལྷ་སྒྲོལ་མ་དེ་ལ་སླེབས་ནས་དེ་གཉིས་བར་ལ་དཀྲུག་ཤིང་བརྒྱབ་སྟེ་ཕན་ཚུན་དོགས་སེམས་སྐྱེས་ནས་མི་མཐུན་པ་འགྱུར་དུ་བཅུག། རྒྱུ་མ་འཁྲུད་མཁན་གྱིས་རྒྱུ་མ་ནང་ལ་དུག་བཏབ་ནས་ཤ་སྲེག་མཁན་བཞི་ལ་ཟ་རུ་བཅུག།ཁོ་བཞི་པོ་ཤི་སོང་ན་ཤ་དང་རྒྱུ་མ་ཚང་མ་ཁོ་གསུམ་པོས་བདག་ཏུ་བཟུང་དགོས་བསམ། གཞན་ཡང་ཤ་སྲེག་མཁན་བཞི་པོས་ཀྱང་ཤ་སྲེག་ནང་དུག་བླུགས་ནས་རྒྱུ་མ་བཀྲུ་མཁན་གསུམ་ལ་ཟ་རུ་བཅུག་སྟེ་ཁོ་གསུམ་པོ་ཤི་སོང་ན་ཤ་དང་རྒྱུ་མ་ཚང་མ་ཁོ་བཞི་པོའི་ཡིན་བསམས་ནས་ཕན་ཚུན་བཟས་པས་བདུན་པོ་དེ་ཤི་སོང་བ་རེད། ཚེ་ལྷ་སྒྲོལ་མས་ཀྱང་དུས་རྒྱུན་དུ་སྡིག་པའི་ལས་མང་དུ་བསགས་པས་ཁོའི་ཚེ་ཡང་དེ་ན་ཤོར་སོང་བ་རེད། རྗེས་མར་མི་ཚང་མས་ཆེ་ཉིད་ཆེ་སར་མ་བསྡད་ན་གླང་པོ་ཆེའི་རོ་ལ་ལྟོས། ཆུང་ཉིད་ཆུང་སར་མ་བསྡད་ན་སྲིན་མོ་ལག་དཀར་ཚང་ལ་ལྟོས་ཟེར་བ་དང་། ཁ་ལ་བདག་བཟུང་མེད་ན་ཚེ་ལྷ་སྒྲོལ་མ་ལ་ལྟོས་ཟེར་བ་དཔེ་འཇོག་སར་གྱུར་ནས་ཕྱོགས་གང་སར་གྲགས་སོང་ངོ་།།
༼ ཚེ་རིང་དོན་འགྲུབ་ཀྱིས་འཚོལ་སྡུད་བྱས། ༽
