མཁའ་དབྱིངས་སུ་འཁོར་བའི་བྱ་རྒོད་ཀྱི་ཁྱུ་ཚོགས།
རྣམ་ཤེས་བྲལ་བའི་གཤིན་པོ་ཞིག་ལ་རེ་སྒུག་བྱེད་བཞིན།
ཉིན་མཚན་གྱི་བར་མཚམས་ན།
རྨི་ལམ་བོར་བའི་འདས་པོ་ཞིག་འཚོལ་འདུག།
སུ་ཞིག་གིས་སྨེང་བའི་མེ་ལྕེ་སྦར་བཞིན།
འཚོ་བའི་བར་སྣང་དེ་བརྒལ་ཐུབ་ཀྱིན་འདུག།
སྤྲིན་ཚོགས་རླུང་བུས་དེད་པའི་འགྲོས་དང་།
ཉི་ཟླའི་གོང་ཁར་བབས་པའི་འོད་ལམ་ལམ་གྱི་དྲོད་ཐིགས།
སུས་ཀྱང་ཟིན་དུ་མེད་པའི་ཚེ་སྲོག་གི་ང་རོ་གསར་པ།
མདུན་དུ་ཆས་དགོས་པའི་སྦྲག་ཡིག་ཅིག།
སྐབས་བབས་ཀྱི་བགོ་སྐལ་ཞིག།
ལེ་ལོའི་ར་བ་ནས་བོར།
ཡོད་ཚད་དུས་ཚོད་ཀྱི་མེ་ལྕེ་རུ་སྦར་ནས།
སེམས་ཀྱི་གྱང་ཀོག་ལ་རྨོངས་བའི་གཟུགས་རིས་བྲིས།
སྐྱོ་བ་གྲངས་མེད་ཅིག་མིག་ཆུ་དང་བསྡོངས་ནས།
འགྱོད་གདུང་གི་ཞལ་ངོ་བཀྲུས།
སེམས་གསོའི་མེ་ཏོག་ཆུང་ཆུང་ཞིག་ལག་པས་
འཛིན་གྲབས་བྱས་ཀྱང་།
ཡུ་བ་ལ་ཚེར་མས་དཀྲིས་འདུག་པས།
ནམ་ཡང་རྒྱང་དུ་བཀྱེད་དགོས་བྱུང་།
རང་ཉིད་འཆི་བ་ལ་སྦྱོར་བའི་དུས་ཚོད་ཀྱི་གོམ་འགྲོས་རེ་རེ།
འཕྱོན་མ་བཞིན་གཡོ་ཟོལ་གྱི་མིག་ཟུར་དང་།
རྣམ་གཡེང་གི་རྩེ་དགོད་བྱེད་བཞིན།
ཚེ་སྲོག་གི་འགྲམ་ཆུ་ཡང་ཡང་སློང་།
རྨི་ལམ་དང་མཚུངས་པ།
འཇའ་ཚོན་དང་འདྲ་བ།
ཐོབ་ཤོར་གྱི་རེ་དོགས།
མཛེས་སྡུག་གི་བསླུ་བྲིད།
ཕམ་ཉེས་གང་མང་ཞིག་གིས་ཡོངས་སུ་བཏུམས།
ལ་ཁའི་རི་རྩེར་ཡིབ་པའི་རྟ་བདུན་དབང་པོ་དེས།
ཉིན་རེ་བཞིན་ངའི་འཚོ་བ་ལ་སེམས་ཁུར་ཞིག་དང་།
ངའི་ལས་དབང་ལ་གོ་བརྡ་ཞིག་སྤྲོད་ཀྱིན་མཆིས།
མཛའ་གཞས་སྙན་མོ་དེ།
ངའི་དཀྱིལ་སྙིང་དུ་མ་ཕོག་པ་རེད་དམ།
ང་ལ་དེ་ཉན་པའི་སྐལ་བ་མེད་སོང་བ་རེད།
མུན་པའི་ཁྲོད་ནས་ངས་ཁྱེད་ཀྱི་གཟི་མདངས་གཞི་ནས་ཚོར།
ནམ་ཞིག་གི་དུས་ན།
ངས་སྙན་ངག་གི་མེ་ཕུང་བཞག་ནས།
གླུ་ངག་གི་སྐྱེད་ཚལ་འདིར་ངེད་ཅག་འཛོམས་དུས།
སྐྱོ་སྣང་དང་རྨོངས་པའི་བུད་ཤིང་མཐའ་དག་བསྲེགས་ཏེ།
གླུ་གཞས་ཀྱི་མཁར་རྫོང་དེ་རུ་དབྱངས་རྟ་
གསར་པ་ཞིག་བཟོ་དགོས་ཨང་།
༼ བདེན་མིག། ༽
