ཅིང་ཐང་རྫོང་གི་ཝུའུ་ཧྥུང་གྲོང་རྡལ་ཏེ་རྒྱ་བྱ་ལྔ་གྲོང་རྡལ་ཞེས་པ་ནི་ཁྲེང་ཏུའུ་གྲོང་ཁུལ་ཤར་རྒྱུད་དུ་སྤྱི་ལེ40ཡས་མས་སུ་ཡོད་ཅིང་། ཐོ་ཅང་གཙང་པོའི་ནུབ་ངོགས་དང་རི་བོ་ལུང་ཆོན་གྱི་ཤར་རྒྱུད་དུ་གནས་ཤིང་། ཞིང་ཆེན་རིམ་པའི་ཚོད་ལྟ་གྲོང་རྡལ་ཆུང་གྲས་ཡིན།
ཝུའུ་ཧྥུང་གྲོང་རྡལ་ནི་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པའི་གནའ་བོའི་གྲོང་རྡལ་ཞིག་ཡིན་ཞིང་། ཧན་ཐང་གི་དུས་སུ་བཙུགས་འགོ་བརྩམས་པ་དང་། སུང་རྒྱལ་རབས་ཀྱི་དུས་སུ་གཞི་ཁྱོན་ལྡན་ཞིང་། ཆིང་ཁང་ཞི་སྟེ་བདེ་སྐྱིད་རྒྱལ་པོའི་སྐབས་སུ་གཞུང་གི་གྲོང་རྡལ་དུ་བཙུགས། གནའ་བོའི་གྲོང་རྡལ་ནི་ཐོ་ཅང་གཙང་པོའི་སྟོད་རྒྱུད་ཀྱི་ཆུ་ཐོག་གྲུ་ཁ་གལ་ཆེན་ཡིན་ལ། གནའ་ནས་གཙང་པོར་གྲུ་གཟིངས་འགྲོ་འོང་དང་ཚོང་པའི་གྲངས་མང་ཞིང་། མི་གཡང་འཁོར་བ་དང་ཚོང་ཟོག་ཕུན་སུམ་ཚོགས་པོ་ཡོད་པ་རེད།
ཝུའུ་ཧྥུང་གྲོང་རྡལ་ཏེ་གྲོང་རྡལ་རྒྱ་བྱ་ལྔ་ཞེས་པའི་མིང་ཐོབ་ཚུལ་ལ་ས་གནས་དེ་གར་གཏམ་རྒྱུད་གསུམ་བཤད་སྲོལ་ཡོད་པ་སྟེ། དང་པོ་ནི་རྒྱ་བྱ་ནི་བཀྲ་ཤིས་ཤིང་བདེ་སྐྱིད་འཛོམས་པའི་བྱར་བརྩིས་ཏེ་ཡུལ་མི་ཚོར་བསོད་ནམས་ལོངས་སྤྱོད་སྩོལ་ཐུབ་པའི་ཆ་ནས་མིང་དེ་ལྟར་བཏགས་པ་དང་། གཉིས་པ་ནི་གནའ་གྲོང་རི་ཚོགས་བརྗིད་ཆགས་པ་དུ་མས་མཐའ་ནས་བསྐོར་ཡོད་ཅིང་། དེའི་ཁྲོད་དུ་རི་ཧ་ཅང་མཐོན་པོ་ལྔ་ཡོད་ལ། དེ་ཚོའི་རྣམ་པ་རྒྱ་བྱ་ལྔས་གནམ་འཕང་བཅད་དེ་གནམ་ནས་མར་ལྟ་བཞིན་ཡོད་པ་དང་འདྲ་ཞིང་། གནའ་གྲོང་ཆགས་སྟངས་ཀྱང་རྒྱ་བྱ་ཞིག་ས་ནས་ཡར་འཕུར་གྲབས་ཡོད་པའི་དབྱིབས་སུ་གྲུབ་པའི་དབང་གིས་མིང་དེ་ལྟར་ཐོབ། གསུམ་པ་ནི་བཤད་སྲོལ་ལ་ནུབ་ཕྱོགས་འཕགས་མོ་ལ་ལྷ་མོ་ལྔ་ཡོད་པ་སྟེ། རིམ་པ་ལྟར་ཆེ་བ་ཅིན་ཧྥུང་སྟེ་གསེར་བྱ། པའེ་ཧྥུང་སྟེ་དངུལ་བྱ། ཆིང་ཧྥུང་སྟེ་གཡུ་བྱ། ཁྲེ་ཧྥུང་སྟེ་དམར་བྱ། ཆུང་བ་ཞའོ་ཧྥུང་སྟེ་ཆུང་བྱ་ཞེས་ཟེར་ཞིང་། སྲས་མོ་ལྔ་རྒྱ་བྱ་ལྔར་སྤྲུལ་ནས་མི་ཡུལ་དུ་སོང་བ་དང་། རི་ཀླུང་གི་མཛེས་ལྗོངས་དང་མི་རྣམས་བྱམས་སེམས་ཆེ་བར་སེམས་ཆགས་ནས་ཕྱིར་ལྷ་ཡུལ་ལོག་པའི་དུས་ཚོད་འགོར་འགྱང་སོང་བའི་དབང་གིས་ལྷ་ཡུལ་གྱི་ཁྲིམས་དང་འགལ་བ་དང་། དེ་ནས་བཟུང་རི་རྒྱ་བྱ་འདྲ་བ་ལྔར་སྤྲུལ་ཏེ་མི་ཡུལ་དུ་ལུས་སོང་བ་རེད། ད་ལྟའི་བར་དུ་གནའ་གྲོང་གི་ཁྲོམ་ལམ་རྙིང་པ་ལྔའི་མིང་ཡང་གསེར་བྱ་ཁྲོམ་ལམ་དང་། དངུལ་བྱ་ཁྲོམ་ལམ། གཡུ་བྱ་ཁྲོམ་ལམ། དམར་བྱ་ཁྲོམ་ལམ། ཆུང་བྱ་ཁྲོམ་ལམ་ཞེས་ལྷ་མོ་ལྔའི་མིང་སོར་གནས་སུ་ཡོད་པ་རེད།
གནའ་གྲོང་ཞེས་བཏགས་པའི་རྒྱུ་མཚན་གཅིག་ནི་ད་ལྟའི་བར་ཁྲོན་ནུབ་ཡུལ་ཁང་གི་རྣམ་པ་སོར་གནས་པས་ཡིན་ཏེ། སའི་གྱང་དང་རྡོ་ལེབ་ལམ། འཛུགས་སྐྲུན་དངོས་པོ་ཕལ་ཆེར་ས་རྡོ་ཤིང་གསུམ་ལས་གྲུབ་པ་དང་། གནའ་ཉམས་དོད་ཅིང་ཞི་དུལ་བག་བརླིང་ལྡན། ཀ་སྟེང་ཁང་ཆུང་གི་འགྲམ་ནས་གཙང་འཇམ་རློན་བག་ལྡན་པའི་རྡོ་ལེབ་ལམ་བུ་གྱ་གྱུ་རུ་དལ་བུར་སྐྱོད་པའི་ཚེ། གནའ་དུས་ཀྱི་དྲན་འཆར་དབང་མེད་དུ་སྐྱེས་ནས་ལོ་རྒྱུས་ཀྱི་ཕུག་ལམ་དུ་སླེབས་པ་དང་ཡོངས་སུ་མཚུངས།
གནའ་གྲོང་ཞེས་བཏགས་པའི་རྒྱུ་མཚན་གཉིས་ནི་གྲུ་ཁ་གལ་ཆེན་དུ་ཆགས་ཡོད་པ་དང་། མི་ཚོགས་མང་ཞིང་སྤེལ་རེས་ཆེ་ལ་རིག་གནས་དར་ཞིང་རྒྱས་པས་རེད། ཆིང་ཁང་ཞི་བདེ་སྐྱིད་རྒྱལ་པོ་དང་ཡུང་ཀྲེང་གནམ་སྐྱོང་རྒྱལ་པོའི་སྐབས་སུ་ཧུའུ་པེ་དང་ཧུའུ་ནན། ཀོང་ཏུང་། ཅང་ཞི་བཅས་ཀྱི་མི་འབོར་ཆེན་སི་ཁྲོན་དུ་གནས་སྤོས་ནས་གཞིས་ཆགས་པ་དང་། དེའི་ཞོར་དུ་ཆོས་ལུགས་རིག་གནས་དང་། ཚོགས་སྐོར་རིག་གནས། ཁྱིམ་རྒྱུད་རིག་གནས། བྱེས་རྒྱུད་རིག་གནས། གཞིས་ཁང་རིག་གནས་སོགས་ཀྱང་སིམ་འཛུལ་དུ་བྱུང་ནས་མཉམ་འདྲེས་ཆེན་པོར་ཆགས་ཏེ། མི་རིགས་རིག་གནས་དང་སྲོལ་རྒྱུན། ཀུན་སྤྱོད། མཚན་ཉིད་རིག་པའི་འདུ་ཤེས་ཀྱང་གནའ་གྲོང་དུ་གོང་འཕེལ་སོང་ནས་ས་དེ་གའི་ཡུལ་སྲོལ་གོམས་གཤིས་ཡ་རབས་ཚུལ་ལྡན་དུ་གྱུར། ཆོས་ལུགས་དད་པ་མི་འདྲ་མོད། འོན་ཀྱང་མི་རྣམས་བྱམས་སེམས་ཆེ་ལ་མཛའ་མཐུན་མཐུན་སྒྲིལ་བཟང་བས་གྲུབ་མཐའི་བར་གྱི་རྩོད་གླེང་གཅིག་ཀྱང་བྱུང་མྱོང་མེད་པ་རེད།
ཡུལ་བཟང་ཝུའུ་ཧྥུང་ཞི།། མཐའ་འཁོབ་ལུང་དུ་གནས།། བཏུང་རྒྱུ་སླེལ་ཚགས་ཆུ།། འཛེག་ས་རྡོ་ཡི་སྐས།། ཞེས་པའི་དམངས་གཞས་ཤིག་གནའ་གྲོང་དུ་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ་དར་བཞིན་ཡོད། དེ་ལ་གཏམ་རྒྱུད་སྙན་མོ་ཞིག་ཡོད་པ་སྟེ། གནའ་གྲོང་ཝུའུ་ཧྥུང་ཞིའི་བྱང་ངོགས་ནི་བྱེ་གྲམ་ཆེན་པོ་ཞིག་ཡིན་ཞིང་། མི་རྣམས་ཀྱིས་ཆུ་བོ་ནས་འཐུང་ཆུ་ལེན་པའི་ཚེ་བྱེ་འདམ་དང་ལྗན་ལྗིན་མང་བས་གཙང་མ་མིན་ལ་ལུས་པོར་གནོད་འཚེ་ཐེབས་པར་དོགས་ནས་སྨྱུག་སླེལ་ཆུར་བཞག་ནས་ཆུ་ཚགས་པ་དང་། སླེལ་ནང་གི་ཆུ་བསིལ་ཞིང་གཙང་ལ་མངར་མོ་ཡིན་པ་རེད། ལོ་བརྒྱ་ཕྲག་དུ་མ་ནས་བཟུང་། ཕ་མེས་ཡང་མེས་ཚོས་སླེལ་ཆུ་བཏུངས་དང་འཐུང་བཞིན་ཡོད་ལ། བཅོས་བསྒྱུར་སྒོ་འབྱེད་པའི་ཚེ་གནའ་གྲོང་གི་ཡུལ་སྡེའི་དུད་ཁྱིམ་ཚང་མས་སྦུག་ཆུ་བཏུང་རྒྱུ་རག་པའི་རྗེས། སླེལ་ཆུའི་ལོ་རྒྱུས་གཞི་ནས་མཇུག་རྫོགས་པ་རེད། ཡིན་ན་ཡང་མི་རབས་སྔ་མ་ཚོས་ད་དུང་བསིལ་ཞིང་མངར་བའི་སླེལ་ཆུ་ནམ་ཡང་དྲན་ལམ་དུ་འདོར་གྱིན་མེད་དོ།།
ཧོང་ལུང་ཞི་གྲོང་རྡལ།
ཁྲེང་ཏུའུ་ཧྲོང་ལིའུ་རྫོང་གི་ཧོང་ལུང་ཞི་གྲོང་རྡལ(གསེར་འབྲུག་གཤིས་གྲོང་རྡལ)ནི་ཁྲེང་ཏུའུ་གྲོང་ཁྱེར་ལྷོ་རྒྱུད་ནས་སྤྱི་ལེ47གྱི་མཚམས་སུ་གནས་ཤིང་། གནའ་བོར་ཝུའུ་དབྱང་གི་ཁོངས་སུ་གཏོགས། མཚལ་ཆུར་གསེར་འབྲུག་མཐོང་རྒྱུ་ཡོད་པའི་དབང་གིས་ཧོང་ལུང་ཞི་གྲོང་རྡལ་ལམ་གསེར་འབྲུག་གཤིས་ཞེས་མིང་ཐོགས་པ་དང་། ལོ2000ལྷག་གི་ལོ་རྒྱུས་ཡོད་ལ། རི་བོ་རྒྱབ་ཏུ་བརྟེན་ཅིང་ཆུ་མོ་མདུན་དུ་བཞུར་བ་དང་། ཡུལ་ལྗོངས་མཛེས་ཤིང་སྡུག་ཅིང་། རི་ཆུ་གྲོང་གསུམ་གཞི་གཅིག་ཏུ་གྱུར་པའི་གནའ་གྲོང་ཞིག་ཡིན། ཉིན་མོར་འགྲུལ་མི་སྟོང་གིས་ཁེངས།། མཚན་མོར་གསལ་སྒྲོན་ཁྲི་ཡིས་བརྒྱན།། ཞེས་པ་ལས་གནའ་གྲོང་ཧོང་ལུ་ཞིའི་རྣམ་པ་གསལ་ལེར་ཤེས་ཐུབ།
བཤད་སྲོལ་ལྟར་ན། རྒྱལ་ཁབ་གསུམ་གྱི་དུས་སྐབས་སུ་ཁུང་མིང་ཀྲུའུ་གོ་ལེང་གིས་ས་དེར་དམག་སྒར་བརྒྱབ་སྟེ་ཧོང་ལུང་ཞི་ཧྲུའུ་རྒྱལ་ཁབ་བརྟན་སྲུང་གི་བཙན་སར་བརྩིས་ཡོད། ཉིན་ཞིག་གི་མཚན་མོར་གློག་འཁྱུག་འབྲུག་གྲགས་ཤིང་ཆར་དྲག་འབྱོ་བ་ལྟར་བབས། ཁུང་མིང་གི་རྨི་ལམ་དུ་གསེར་འབྲུག་ཅིག་གིས་སྤྲིན་བཞོན་ནས་གནམ་ནས་མར་བབས་ཏེ་ཁོའི་ཕྱོགས་སུ་འཕུར་ཡོང་བ་རྨིས། རྨི་ལམ་ནང་གི་ཁུང་མིང་གིས་གསེར་འབྲུག་སླེབས་བྱུང་ཞེས་སྐད་ཅོར་རྒྱག། དེ་ནས་འབྲུག་ཆེན་ཁ་ཕྱིར་འཁོར་ནས་ཧྥུ་ཆུ(ད་ལྟའི་ཅིན་ཅང་གཙང་པོ)རུ་འཛུལ་ནས་མི་སྣང་བར་གྱུར། ཕྱི་ཉིན་ཞོགས་པར་ཁུང་མིང་མལ་ལས་ལྡང་སྟེ་ཧྥུ་ཆུའི་འགྲམ་དུ་བསྐྱོད་དེ་ཕ་རོལ་གྱི་ལུའུ་ཞི་ཆུ་བོར་རྒྱང་ལྟ་བྱས། དེ་ནས་ཤྭ་འོད་རྙོག་མ་ཧྥུ་ཆུ་གཙང་མར་རྒྱུག་བཞིན་འབྲུག་ཆེན་པོ་ཞིག་གིས་ཆུ་བོ་སྒྲོལ་བཞིན་པ་དང་འདྲ་བས། དེ་ནས་བཟུང་མི་རྣམས་ཀྱིས་ས་དེར་ཧོང་ལུང་ཞི་ཞེས་མིང་བཏགས་པ་རེད།
གནའ་ནས་བཟུང་། ཧོང་ལུང་ཞི་ནི་ཁྲེང་ཏུའུ་ཡི་ལྷོ་སྒོ་ཡིན། ཧྥུ་ཆུ་དེར་བཞུར་བ་ན་ཆུ་ངོས་རྒྱ་ཆེ་ཞིང་བཞུར་རྒྱུན་དལ་བ་དང་། རི་མཛེས་ལ་ཆུ་དྭངས་པའི་རང་བྱུང་མཛེས་ལྗོངས་ལྷུན་གྱིས་གྲུབ། གནའ་གྲོང་ཧོང་ལུང་ཞི་ནི་དགོན་པ7དང་ཁྲོམ་ལམ་རྙིང་པ7ལས་གྲུབ་ཡོད། བྱང་ནས་ལྷོ་ལྟར་རིམ་པ་བཞིན་ཀྲེང་ཅང་དགོན་དང་ཁྲའོ་ཡིང་དགོན། ཀུའེ་ལུང་དགོན། ཏ་ཧྥུ་དགོན། ཐེན་ཧུའུ་དགོན། ཡུས་ཝང་ཕོ་བྲང་། ཧྲན་ཀོན་ཁང་བཅས་ཆགས་ཡོད། ཁྲོམ་ལམ་རྙིང་པ7ནི་མདུན་ཁྲོམ་དང་འཕྲེད་ཁྲོམ། ཁྲོམ་གསར། ཆུ་སྟོད་ཁྲོམ། ཆུ་སྨད་ཁྲོམ། སྲང་ཁྲོམ། རྒྱབ་ཁྲོམ་བཅས་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྨི1000ལྷག་ཡོད། ཁྲོམ་ལམ་གྱི་ངོས་ཡོངས་རྫོགས་རྡོ་ལེབ་བཏིང་ཡོད་ཅིང་། གཞོགས་གཉིས་ཀྱི་བར་ཁྱམས་ཀ་བ་ཚར་དུ་དངར་བ་དང་། ཁྲོམ་ལམ་གྱི་ཞེང་ཁ་ཆ་སྙོམས་སྨི3.44ཡོད། གྲངས་འབོར་མང་ཞིང་གཅིག་བསྡུས་ཡིན་ལ། བཟོ་སྟངས་གནའ་ཉམས་དོད་ཅིང་སྔ་མལ་སོར་གནས་ཡག་པ་ནི་དེའི་ཁྱད་ཆོས་མངོན་གསལ་ཆེ་བ་ཡིན། ལྷག་པར་དུ་མདུན་ཁྲོམ་གྱི་གནའ་ཉམས་དེ་བས་འབུར་དུ་དོད་ཅིང་བཟོ་སྐྲུན་སྔ་མལ་སོར་གནས་ཧ་ཅང་བཟང་བས་ཁྲོན་ནུབ་མཛེས་ཆེན་གཅིག་ཅེས་པའི་མཚན་སྙན་ཡོད།
ལོ་རྒྱུས་ཀྱི་ཡིག་ཆར་བཀོད་པ་ལྟར་ན། སྔོན་མ་ཧོང་ལུང་ཞི་ལ་ད་དུང་རྫོང་གསུམ་ཡ་མོན་གཞུང་ཞེས་པའི་མིང་ཡོད། རྫོང་གསུམ་ཡ་མོན་གཞུང་ནི་ཆིང་རྒྱལ་རབས་སུ་བཙུགས་པ་དང་། ཧོང་ལུང་ཞིའི་ཀུའེ་ལུང་དགོན་ནང་དུ་ཡོད། ཐོག་མར་སྤྱི་དཔོན་ཡ་མོན་ཡིན་ཞིང་། མིང་གོའི་དུས་སུ། ཧྭ་དབྱང་དང་རེན་ཧྲོའུ། ཕེང་ཧྲན་རྫོང་གསུམ་གྱི་མཉམ་འབྲེལ་གཞུང་དོན་ཁང་ཡིན་པས། དམངས་ཁྲོད་དུ་རྫོང་གསུམ་ཡ་མོན་གཞུང་ཞེས་འབོད།
ལུགས་རྙིང་གི་ལོ་རེའི་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་ལྒང་ཞུའི་དུས་ཆེན་བར། གནའ་གྲོང་ཧོང་ལུང་ཞི་ལ་བཅོས་སུ་མི་བཏུབ་པའི་ས་གནས་ཀྱི་ཁྱད་ཆོས་ཧ་ཅང་ཆེ་བའི་མེ་འབྲུག་དང་ཆུ་འབྲུག། ཚོན་འབྲུག་འཁྲབ་པའི་ལྟད་མོ་ཡོད། འདུ་ལོང་ཤིན་ཏུ་ཆེ་ལ། གནའ་གྲོང་གི་དམངས་ཁྲོད་ཀྱི་ལོ་རྙིང་པ་ཕར་ལ་བསྐྱལ་ནས་ལོ་གསར་པ་ཚུར་ལ་བསུ་བའི་མེ་འབྲུག་སྲེག་པའི་འདུ་ཚོགས་ཆེན་པོ་ཡིན། བྱེད་སྒོ་དེ་ཏུང་ཧན་ནས་འགོ་བཙུགས་པ་དང་སུང་ལྷོ་མའི་དུས་སུ་དར་ཁྱབ་ཆེ་ཞིང་། མི་རབས་ནས་མི་རབས་ད་བར་དུ་དར་ཡོད།
གནའ་གྲོང་ཧོང་ལུང་ཞི་ནི་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་གྲོང་རྡལ་གྲགས་ཅན་ཡིན་ཞིང་། ད་ལྟ་རྒྱལ་ཡོངས་ཀྱི་གྲོང་རྡལ་གྲགས་ཅན་བཅུའི་གྲས་སུ་བཙུད་ཡོད། རྒྱལ་ཡོངས་ཀྱི་ཡུལ་གྲོང་ཁོར་ཡུག་མཛེས་ཆེན་ལ་མིང་བྱང་སྤྲོད་པའི་མཛད་སྒོར་ཧོང་ལུང་ཞི་ལ་རྒྱལ་ཡོངས་ཀྱི་ཡུལ་གྲོང་ཁོར་ཡུག་མཛེས་ཆེན་གྱི་མཚན་སྙན་ཐོབ་ཡོད་པ་རེད།།
( ཝང་ཨེན་ཕུའུ་དང་ཞ་ཞུའེ་ཡིང་གིས་བྲིས་ཤིང་སྐལ་ཐུབ་ཀྱིས་བསྒྱུར།ནོར་བུས་པར་བླངས།)
