国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲོག་མོ་འཚོལ་བའི་གླུ།

སྨུག་པ་ལང་ལོང་གི་རྫ་རྩེར་བསྙེགས་ནས།།

རྫི་གླུ་སང་སང་དེ་ངག་ནས་བཀུག་སྟེ།།

འུར་རྡོའི་ཚག་སྒྲ་ཡིས་ནོར་ཁྱུ་འཚོལ་བའི།།

ཨ་ཅག་འབྲོག་མོ་དེ་གང་དུ་ཕེབས་སོང་།།

གཡང་དཀར་ལུག་ཁྱུ་ཡི་འབའ་སྒྲ་སྙན་པའི།།

སྔོ་ལྗང་གཡུ་མདོག་གི་སྤང་གཞུང་དེ་ནས།།

མེ་ཏོག་ཞྭ་མོ་ཡི་རྒྱན་ཆ་མཛེས་པའི།།

ཨ་ཅག་འབྲོག་མོ་དེ་གང་དུ་ཕེབས་སོང་།།

ཡན་ལག་བརྒྱད་ལྡན་གྱི་ཆུ་བོའི་འགྲམ་ནས།།

མཆོད་ཆུ་དང་པོ་དེ་ལྷ་ལ་ཕུལ་ཅིང་།།

འོ་ཟོམ་ཆུང་ཆུང་ཞིག་རྒྱབ་ཏུ་ཁུར་བའི།།

ཨ་ཅག་འབྲོག་མོ་དེ་གང་དུ་ཕེབས་སོང་།།

སྦྲ་ནག་གྲུ་བཞི་ཡི་མཐིལ་འོག་དེ་ནས།།

འཛུམ་མདངས་སོ་དཀར་གྱི་མེ་ཏོག་བཞད་དེ།།

ཕ་མ་མགོ་འཛོམས་ཀྱི་གཞིས་ཁྱིམ་བསྐྱངས་པའི།།

ཨ་ཅག་འབྲོག་མོ་དེ་གང་དུ་ཕེབས་སོང་།།

ནོར་གནག་སྟོང་འདུས་ཀྱི་ལྷས་རའི་དབུས་ནས།།

འབྲོག་སྡེའི་ལས་སྐལ་ལ་སུན་སྣང་བྲལ་ཏེ།།

ཐུལ་དཀར་འབྲི་མོ་ཡི་བཞོ་དབྱངས་སྙན་པའི།།

ཨ་ཅག་འབྲོག་མོ་དེ་གང་དུ་ཕེབས་སོང་།།

གྲང་ངར་རྒོད་དུས་ཀྱི་ཐོ་རངས་ཤིག་ལ།།

ཡིག་དྲུག་མ་ཎི་དེ་ངག་ནས་ཟློ་བཞིན།།

ལག་ཟུང་འཇམ་པོ་ལས་ལྕི་དྲི་འཐུལ་བའི།།

ཨ་ཅག་འབྲོག་མོ་དེ་གང་དུ་ཕེབས་སོང་།།

སྐྲ་ལོ་རྒྱ་ལྕང་གི་ལོ་མའི་གསེབ་ནས།།

གཟི་དང་བྱུ་རུ་ཡི་བཏགས་རྒྱན་མཛེས་ཤིང་།།

གཡུ་ཡི་ཕྲེང་ཞགས་ཀྱི་སྐེ་རྒྱན་ཡག་པའི།།

ཨ་ཅག་འབྲོག་མོ་དེ་གང་དུ་ཕེབས་སོང་།།

རང་བྱུང་ཞལ་རས་ལ་གཞོན་ཤ་ཆགས་ཏེ།།

མཆུ་སྒྲོས་དམར་པོ་ལ་ཚོན་རྩི་མེད་པ།།

འགྲོགས་ན་བརྩེ་འདང་གི་མཚོ་མོ་འཁྱིལ་བའི།།

ཨ་ཅག་འབྲོག་མོ་དེ་གང་དུ་ཕེབས་སོང་།།

བདེན་བདེན་རྫུན་རྫུན་གྱི་སྐད་ཆ་མེད་ཅིང་།།

དྲང་པོ་དྲང་བཞག་གི་གཤིས་ལུགས་བཟུང་སྟེ།།

འདྲིས་ན་ཕྱི་ཐག་གི་ཀློང་ན་འཚོ་བའི།།

ཨ་ཅག་འབྲོག་མོ་དེ་གང་དུ་ཕེབས་སོང་།།

༼ དམར་ཁ་ཚ། ༽