国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲོག་ཐང་གི་འཚོ་ བའི་རི་མོ།

ཚར་དཀར་མགོ་ལ་དཀྲིས་པའི་རྫི་བོ་སྣང་འགྲོ།།

རྫི་གླུ་ངག་ལ་འགུགས་ན་ཚངས་པའི་དབྱངས་ལྡན།།

དཔྱིད་གསུམ་དཔལ་གྱི་སྒེག་མོ་སེམས་སུ་ཉལ་བཞིན།།

མི་འཇིགས་མཚོན་གྱི་སྲུང་བ་དགུ་རེ་བཏགས་ཡོད།།

ནོར་ཁྱུ་ཐང་ལ་བརྡལ་བའི་སྟག་ཤར་གཞོན་ནུ།།

ཡིད་ཀྱི་འཆར་སྒོ་བཀྲོལ་བའི་རི་དྭགས་མིག་ཅན།།

བརྩེ་འདུན་ཡིད་ལ་བཅངས་པའི་མཛེས་པའི་ཉམས་འགྱུར།།

ཡིད་ལ་འཆར་གྱིན་འཆར་གྱིན་ནོར་ཁྱུའི་རྗེས་འགྲོ།།

ཁ་སྒང་རི་སྒང་སྐོར་བའི་རྟ་ནོར་ལུག་གསུམ།།

སིང་སིང་ཀི་རྒྱང་གཅིག་གིས་མཐའ་ནས་བསྐོར་བའི།།

རྒྱ་ལྕང་ལོ་མའི་ལན་བུ་རྒྱབ་ན་མདུད་ཅིང་།།

འབྲོག་པའི་སྣང་བ་འདི་ཚོ་གཙང་མ་གཙང་མ།

ཁ་བ་བུ་ཡུག་འཚུབ་པའི་རླུང་བུའི་གསེབ་ན།།

འདོ་རིག་རྟ་ཕོའི་གོང་ན་ལྷོད་ཀྱིས་བགྲོད་ཅིང་།།

སྐེད་ཀྱི་འུར་རྡོ་དགུ་སྒྲིལ་ལན་རེ་སྐོར་གྱིན།།

ནོར་ཁྱུའི་རྗེས་སུ་བསྙེགས་ན་རྩལ་ཞིག་རྒྱས་ཡོད།།

ན་ཆུང་གཞོན་པའི་སྣང་བ་རི་ལ་ཕྱོགས་ཤིང་།།

ཚེ་སྔོན་ལས་འཕྲོའི་ཁ་ཆད་རི་ནས་བགོས་ན།།

གཅིག་འཛོམས་གཉིས་ཕྲད་བྱུང་བའི་ལས་ཀྱི་འཕྲོ་མ།།

ཁྱིམ་གཞིས་དྲོན་མོ་ཞིག་གི་གཞས་ལ་བཀུག་ཡོད།།

གཤིས་བཟང་ངང་རྒྱུད་རིང་བ་འབྲོག་པའི་བུ་མོ།།

འཇོ་སྒེག་དཔལ་གྱིས་བརྒྱན་ཞིང་བཞོ་དབྱངས་ལེན་དུས།།

ཐུལ་དཀར་འབྲི་མོའི་འོ་ཞོ་ཟོམ་ལ་བསྙལ་ནས།།

གོམ་པའི་གདེགས་འཇོག་སྦྲ་ཁྱིམ་སྒོ་ལ་བསྣོལ་ཐལ།།

ཕ་ས་སྨུག་པོ་གཡུ་ཡི་གཞོང་པའི་ངོས་སུ།།

ཁྲ་ཚོམ་ལས་ཀྱི་མེ་ཏོག་བཞད་པས་མཛེས་ཤིང་།།།

དྲན་འཛིན་ཡིད་ཀྱི་ན་བུན་རི་ལ་འཁོར་ན།།

མི་བརྗེད་དུང་སེམས་མངར་མོའི་སྐྱེམས་ཆང་ཕུལ་འདུག།

དབྱར་གསུམ་མེ་ཏོག་ཐང་ན་སྐྱིད་ཀྱིས་འཚོ་ཞིང་།།

ཕྱུགས་ཀྱི་ཐང་མ་སྤང་གཞུང་ཡངས་པོར་བཀྲམ་པའི།།

བལྟས་པས་ཆོག་མི་ཤེས་པའི་ཚད་དུ་གླེང་བའི།།

སྦྲ་རྒན་གྲུ་བཞི་གན་ཚོར་ཡག་ཅིག་འདུག་པ།།

སྟོན་གསུམ་ཕྱུགས་ཀྱི་བཅུད་བཟང་ལྟེམ་མེར་འཁྱིལ་ཞིང་།།

དཀར་གསུམ་ཟས་ཀྱིས་ཕུད་ཁ་ལྷ་ལ་མཆོད་ཅིང་།།

ནོར་ལུག་ཤ་ཤེད་འཛོམས་པའི་སྡེ་ཚོ་ཞིག་ལ།།

གཡང་གི་ཕྱི་རིམ་ནང་རིམ་དགུ་རེ་ཆགས་ཡོད།།

དགུན་གསུམ་གྲང་རླུང་བཙན་པའི་རི་སྒང་འདི་ན།།

ལུས་ཀྱི་གོ་ཆ་ངར་མའི་མེ་དྲོད་བརྟེན་ཞིང་།།

ཁ་བ་བུ་ཡུག་རྡོག་པའི་སྣེ་ན་བརྫི་བའི།།

འབྲོག་རྒན་སྐྱ་བོ་འདི་ཚོའི་སྣང་བ་མཐོ་འདུག།

༼ དབྱིངས་ཀུན་གཞི། ༽