国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གུ་རུ་བླ་མཚོ།

མཚོ་མོ་འདིའི་མིང་ལ་ཅི་ཟེར།

གུ་རུ་བླ་མཚོ།

སྙིང་གཟུགས་མཚོ།

འཇའ་རྫའི་བླ་མཚོ།

བརྗིད་ཆགས་གངས་རི་དཀར་པོའི་ཐུལ་འོག་ན།

སྔོ་ལྟེམ་མེར་འཁྱིལ་བའི་གུ་རུ་བླ་མཚོ།

མེས་པོ་ཚོས་བླ་ནས་བླ་རུ་བཀུར་བའི་ཡིད་འོང་གི་མཚོ་མོ།

གནས་འདིའི་གཟི་དཔལ་གྱིས་བདག་སེམས་ལྷོད་དུ་བབས།

རྣ་བས་ཡང་ཡང་གོ་མྱོང་ལ།

སེམས་ཀྱིས་ཡང་ཡང་བསམ་མྱོང་བའི།

རླབས་ཆེན་གྱི་མཚོ་མོ།

རི་ལམ་ཀྱག་ཀྱོག་རེ་རེ།

ལུས་སེམས་གཉིས་ཀྱིས་བརྒལ་རྗེས།

ལྟ་ན་སྡུག་པའི་ཡུལ་ལྗོངས་རེ་རེས།

བདག་ལ་བསུ་བ་ཞུ་བའི་སྣང་བ་འགོག་མེད་དུ་སྟེར།

དབུ་འཕང་མཐོ་བའི་གངས་རི།

བ་ལུ་དཀར་པོའི་བསུང་ཞིམ།

དུག་ཤིང་སྟག་མའི་མཚར་ཉམས།

གྲོག་ཆུ་ཕྲ་མོའི་སྙན་དབྱངས།

གནས་འདིའི་བཀོད་པས་སུམ་རྩེན་གནས་ལ་སྐྱེངས་པ་སྟེར།

དམངས་ཁྲོད་ཀྱི་ངག་རྒྱུན་རེ་རེས།

འུ་ཅག་ལ་དྭངས་གཙང་ཞེས་པའི་ཐ་སྙད་ཅིག་བསྟན་བྱུང་།

ཨིནྡྲ་ནི་ལའི་མདོག་ལྟར་སྔོ་བའི་མཚོ་ཆུའི་ཁ་དོག་བསྟན་བྱུང་།

སྣོད་བཅུད་ཞི་མཐུན་གྱི་ངེས་ཤེས་རྣལ་མ་རྙེད་བྱུང་།

ཡུལ་སྐོར་བའི་པར་ཆས་ནང་འགུལ་བཞིན་པའི།

སྙིང་གཟུགས་མཚོ།

ཡང་ན་གུ་རུ་བླ་མཚོ།

ཁྱེད་ཀྱི་དྭངས་གཙང་དང་བློ་ཁོག་གིས།

ངེད་ཅག་ལ་ཞི་ལྷོད་ཀྱི་ཞིང་ཁམས་ཤིག་བསྩལ།

གུ་རུ་བླ་མཚོ།

སྙིང་གཟུགས་མཚོ།

འཇའ་རྫའི་བླ་མཚོ།

ཁྱེད་ཀྱི་འགྲམ་ངོགས་ནས།

ས་མཐའི་འཁྱམ་པོ་ངས།

མེས་པོ་ཚོའི་གནའ་གཏམ་ལ།

དད་པ་བརྟན་པོ་རེ་རྙེད།

༼ སྨྱུག་སོན་ནོར་སངས། ༽