ཚོར་བའི་རླབས་རྒྱུན་དྲག་ཏུ་འཕྱོ་ན་ཡང་།།
སེམས་ཀྱིས་གྱེར་བའི་ངག་གི་གཞས་ཆུང་ཞིག།
འདི་སྙམ་བློ་ལ་འཆར་དུ་མི་འདུག་ལགས།།
སྙན་ངག་བྲོས་ནས་ཕྱིན་པ་ཨེ་ཡིན་ནམ།།
དབྱངས་ཅན་གཟིམས་ནས་སོང་བ་བདེན་ནམ་ཀྱེ།།
ང་ཡི་ངག་གི་འབྱུང་ཁུངས་ཇི་སྙེད་ཀུན།།
གློ་བུར་གང་དུ་བོར་བ་སུ་ཡིས་རྟོགས།།
ཆུ་མོའི་གཞུང་ནས་ངག་གི་ཞབས་རྗེས་བཙལ།།
རི་བོའི་སྒང་ནས་ངག་གི་སུག་རྗེས་འདེད།།
རི་ཆུའི་བར་ན་ངག་གི་གྲིབ་མ་ཙམ།།
ལྷག་ཅིང་ལུས་པ་སུ་ཡིས་བདེན་ཁ་སྟེར།།
ངག་སྙན་སྐྱིད་ཚལ་འདི་ལ་འཁོར་ཡོང་ངམ།།
ངག་སྙན་འཕུར་ལྡིང་གཡོ་བ་རིག་ཏུ་མེད།།
ངག་སྙན་ནེའུ་གསེང་གན་ན་རྩེད་ཡོང་ངམ།།
ངག་སྙན་ད་དིར་སྒྲོག་པ་ཐོས་སུ་མེད།།
དཔྱིད་ལ་ངག་སྙན་ཁུ་བྱུག་གཉིས་སུ་འཁུམས།།
དབྱར་ལ་ངག་སྙན་ར་ཡིག་གཟུགས་སུ་སྤྲུལ།།
སྟོན་ལ་ངག་སྙན་ཆུ་མོའི་རླབས་སུ་འདྲེས།།
དགུན་ལ་ངག་སྙན་བསེར་བུའི་ཚུལ་གྱིས་རྒྱུ།།
ངག་སྙན་ངག་སྙན་ངག་ལ་འགག་པ་མེད།།
ངག་སྙན་ངག་སྙན་ངག་ལ་སངས་པ་མེད།།
ངག་སྙན་ངག་སྙན་ངག་ལ་བྲི་བ་མེད།།
ངག་སྙན་ངག་སྙན་ངག་ལ་འགྱུར་བ་མེད།།
ངག་སྙན་རླུང་ཡིན་ཡངས་ཤིང་གཡོ་བ་སྟེ།།
རྒྱུ་དང་མི་རྒྱུའི་ཐ་གྲུ་འཇོག་ཏུ་མེད།།
ངག་སྙན་མེ་ཡིན་ཚ་ཞིང་སྲེག་པ་སྟེ།།
མཆེད་པའི་ཤུལ་དུ་སུ་ཡང་ཐལ་བར་འགྲོ།།
ངག་སྙན་ཆུ་ཡིན་བརླན་ཞིང་གཤེར་བ་སྟེ།།
སྲོག་ཐོགས་ཀུན་གྱི་འཚོ་བའི་གཞི་མ་ལགས།།
ངག་སྙན་ས་ཡིན་སྲ་ཞིང་འཐས་པ་སྟེ།།
སྣོད་བཅུད་ཡོངས་ཀྱི་བདེ་སྡུག་ཁུར་དུ་ལེན།།
ངག་སྙན་ཁྱོད་བཙལ་ང་ཡིས་སུ་མ་བཙལ།།
ངག་སྙན་ཁྱོད་རེ་ང་ཡིས་སུ་ཞིག་རེ།།
ངག་སྙན་ཁྱོད་བསམ་ང་ཡིས་གང་ཞིག་བསམ།།
ངག་སྙན་ཁྱོད་ཞེན་ང་ཡིས་སུ་ལ་ཞེན།།
ངག་སྙན་ངག་སྙན་ངག་སྙན་ངག་གི་གསང་།།
ངག་སྙན་ངག་སྙན་ངག་སྙན་ངག་གི་དབང་།།
ངག་སྙན་ངག་སྙན་ངག་སྙན་ངག་གི་ཏོག།
ངག་སྙན་ངག་སྙན་ངག་སྙན་ངག་གི་མ།།
༼ རྒུན་ཆང་། ༽
