国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི2025ལོའི་གྲུབ་འབྲས་སྲ་བརྟན་དཔྱད་ཞིབ་ཀྱི་ཚུར་སློག་གནད་དོན་དག་བཅོས་དང་2026ལོའི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་སྐུལ་བའི་ཚོགས་འདུར་

དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་སྤུས་ཚད་མཐོན་པོས་བསྐུལ་བ་དང་། དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱ་དགོས་ཞེས་གསུངས།

སྤྱི་ཟླ7པའི་ཚེས14ཉིན། ཁུལ་ཡོངས་ཀྱི2025ལོའི་གྲུབ་འབྲས་སྲ་བརྟན་དཔྱད་ཞིབ་ཀྱི་ཚུར་སློག་གནད་དོན་དག་ཐེར་ལེགས་བཅོས་དང2026ལོའི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་བསྐུལ་བའི་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སི་ཁྲོན་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་པ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་ཡུལ་སྡེ་དར་རྒྱས་ཀྱི་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་སྤུས་ཚད་མཐོན་པོས་བསྐུལ་བ། དཀར་མཛེས་ཁུལ་གྱི་ཁྱད་ཆོས་དང་མཐོ་སྒང་གི་ཁྱད་ཆོས་མངོན་པ། དམངས་འཚོའི་རྨང་གཞི་བརྟན་པོ་འཛིན་པ་བཅས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུར་ཞིང་ཆེན་ཡོངས་ཀྱིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་བསྐུལ་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་བསྐྱེད་པའི་ལས་དོན་ཚོགས་འདུའི་སྙིང་དོན་དང་། ཞིང་ཆེན་ཡོངས་ཀྱིས“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱད་ནས་འཚོ་སྡོད་འོས་པ་དང་ལས་རིགས་ལ་འཚམ་པ་དང་འཆམ་མཐུན་མཛེས་སྡུག་གི་ཡུལ་སྡེ་འཛུགས་སྐྲུན་ལ་སྐུལ་བའི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་སྙིང་དོན་དང་། ཞིང་ཆེན་ཡོངས་ཀྱི་དར་རྒྱས་ཞན་པའི་རྫོང་ཁོངས39ལ་མཐིལ་འདེགས་རང་བཞིན་གྱི་རོགས་སྐྱོར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་བཅས་བརྒྱུད་སྦྱངས་བྱས་པ་དང་། དཀར་མཛེས་ཁུལ་གྱི2025ལོ་འཁོར་གྱི་གྲུབ་འབྲས་སྲ་བརྟན་དཔྱད་ཞིབ་བྱས་འབྲས་དང་གནད་དོན་ཚུར་སློག་གནས་ཚུལ་བརྡ་ཁྱབ་བཏང་བར་མ་ཟད། གནད་དོན་དག་ཐེར་ལེགས་བཅོས་དང་། 2026ལོའི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དང་། འཚོ་སྡོད་དང་ལས་རིགས་ལ་འཚམ་ཞིང་། འཆམ་མཐུན་མཛེས་སྡུག་ལྡན་པའི་ཡུལ་སྡེ་འཛུགས་སྐྲུན། དར་རྒྱས་ཞན་པའི་རྫོང་ཁོངས་ཀྱི་མཐིལ་འདེགས་རོགས་སྐྱོར་ལས་ཀར་བརྡ་ཁྱབ་བཏང་བ་རེད། སྡེ་རོང་རྫོང་དང་དཔལ་ཡུལ་རྫོང་། ཉག་རོང་རྫོང་། ལི་ཐང་རྫོང་། བྲག་མགོ་རྫོང་། སྡེ་དགེ་རྫོང་བཅས་ཀྱི་འགན་ཁུར་བས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་སྤེལ་ཕྱོགས་སྐོར་གཏམ་བཤད་བྱས་པ་རེད།

ཀྲའོ་པོ་ཡིས་གསུང་བཤད་གནང་སྐབས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་བསྐུལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཡུལ་སྡེ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་མགྱོགས་སུ་གཏོང་ཆེད་བཀོད་སྒྲིག་གལ་ཆེན་གནང་བ་ཡིན་ཞེས་བསྟན་ཡོད།

ཀྲའོ་པོ་ཡིས་བསྟན་དོན། ད་ལོ་ནི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་འགོ་ཚུགས་པའི་ལོ་ཡིན་པས་ངེས་པར་དུ་འགན་འཁྲི་འཁུར་ཕོད་པ་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་མདུན་སྐྱོད་བྱེད་པའི་རྣམ་པ་མངོན་ཏེ། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་དོན་གཉེར་དང་རྣམ་གྲངས་ཅན་གྱི་བྱེད་ཐབས་དོན་འཁྱོལ་དམ་འཛིན་བྱས་ཏེ་ཁུལ་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་མཐར་ཕྱིན་དང་ཏན་ཏིག་ཡོང་བར་བྱ་དགོས། “བརྟན་པོ”ཡོང་བར་འབད་དགོས་པ་དང“དངོས་དོན”བསྒྲུབས་ནས་པར་ཕན་འབྲས་ཐོབ་པར་བརྩོན་དགོས། “གཏིང་ཟབ”པའི་སྒོ་ནས་ཕུགས་རྒྱང་རིང་པོ་འཆར་འགོད་བྱ་དགོས།( པར་ངོས་བཞི་པར་གཟིགས།)