( པར་ངོས་དང་པོར་མཐུད།)
ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་གསུང་བཤད་གནང་།
ཚང་འཛོམས་གྲོས་ཚོགས་སུ《ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་མགྱོགས་སུ་བསྐུལ་ཏེ་ཡུལ་སྡེ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུའི་སྐོར་གྱི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲའོ་པོ་ཡིས《གཏན་འབེབས(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་།
ཚང་འཛོམས་གྲོས་ཚོགས་སུ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀར་ཁས་ལེན་གང་ལེགས་བྱས། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས་ཚུན་ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་དང་དཀའ་ཚེགས་ཆེ་བའི་བཅོས་བསྒྱུར་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་འགན་མདུན་དུ་ཁུལ་ཨུས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་སྙིང་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ནན་ཏིག་སྤེལ་ཅིང་། བབ་བསྟུན་འཕྲད་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་བརྟན་པོར་འཁུར་བ་དང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་མི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོ། བཅོས་སྐྱོང་ཕན་ནུས་ཆེན་པོ་བཅས་ལ་བསྐུལ་ཏེ་བྱ་གཞག་ཁག་གོང་འཕེལ་གསར་པ་ཐོབ་ཡོད།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཞིང་ལས་ཞིང་སྡེ་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་ཡོངས་དང་སྤུས་ཚད་ལ་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་ནས་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། “ཞིང་གསུམ”སྐོར་གྱི་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བརྒྱབ་སྟེ་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་སྐུལ་བའི་མདུན་སྐྱོད་བྱེད་ཕྱོགས་གསལ་པོར་བསྟན་ཡོད། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་ཞིང་ཆེན་ཡོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་གཞི་ཚུགས་ཏེ་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་མགྱོགས་སུ་བསྐུལ་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ནས་དཀར་མཛེས་ཁུལ་གྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཡུལ་སྡེ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུར་བྱ་སྤྱོད་ཀྱི་ཕྱོགས་སྟོན་བྱས་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་པོ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ལ། དཀར་མཛེས་ཁུལ་བབ་བསྟུན་འཕྲད་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གནད་འགག་གི་དུས་སྐབས་ཤིག་ཀྱང་ཡིན། དཀར་མཛེས་ཁུལ་གྱི་ཡུལ་སྡེ་ས་ཁོངས་རྒྱ་ཆེ་བ་དང་ཞིང་སྡེ་མི་འབོར་གྱིས་བཟུང་བའི་བསྡུར་ཚད་མཐོ་བས“ཞིང་སྡེ་ཆེན་མོ”དང“འབྲོག་ཁུལ་ཆེན་མོའི”རྣམ་པ་ཧ་ཅང་མངོན་གསལ་དོད་པོ་ཡོད་པས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏང་རྒྱུ་དེ་དཀར་མཛེས་ཁུལ་གྱིས་བབ་བསྟུན་འཕྲལ་སྒྲུབ་རྨང་གཞིའི་འདེགས་སྐྱོར་ཞིག་ཡིན་ལ། རྗེས་སྙེག་མཆོང་སྐྱོད་ཀྱི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བའི་དུས་རབས་ཀྱི་ལས་འགན་ལྗིད་པོ་བློ་ཐག་རྦད་བཅད་ཀྱིས་ཁུར་ནས་དེ་བས་ཆེ་བ་དང་དེ་བས་ཏན་ཏིག་གི་བྱེད་ཐབས་ལ་བརྟེན་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་མགྱོགས་སུ་གཏོང་བ་དང་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་བར་འདེགས་སྐྱོར་སྲ་ཞིང་བརྟན་པ་མཁོ་འདོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། དཀར་མཛེས་ཁུལ་གྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་བསྐུལ་རྒྱུ་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་།“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཞིང་ཆེན་ཏང་ཨུའི“ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་བ་དང་།“ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ནན་ཏན། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་བསྐུལ་རྒྱུ་སྤྱིའི་དམ་འཛིན་བྱེད་གཞིར་འཛིན་པ། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་གནས་སྡོད་དང་འཚམ་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་འགྱུར་བཅས་སྤྱིའི་བླང་བྱར་འཛིན་པ་དང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་གཙོ་གནད་དུ་བཞག་ནས། ཚན་རྩལ་གསར་སྐྲུན་དང་ལམ་ལུགས་གསར་སྐྲུན་སྒུལ་ཤུགས་བྱས་ཏེ། དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་ཀྱི་རྟེན་གཞི་མགྱོགས་མྱུར་སྐྲུན་པ་དང་། གནས་སྡོད་དང་འཚམ་པའི་ལས་རིགས་དང་མཛེས་སྡུག་ལྡན་པའི་ཡུལ་སྡེ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཏེ། ཡུལ་སྡེ་བཅོས་སྐྱོང་དེང་རབས་ཅན་ལ་སྤྱི་འདོམས་བསྐུལ་བ་དང་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཤུགས་ཡོད་རྒུས་བཏོད་དེ། མཐོ་སྒང་གི་ཁྱད་ཆོས་དང་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་དེ་ཞིང་ལས་སྟོབས་ཆེ་བ་དང་ཞིང་སྡེ་མཛེས་པོ། ཞིང་པ་ཕྱུག་པོའི་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་རྣམ་ཚུལ་གསར་པ་ཤུགས་ཆེན་བསྐྲུན་དགོས། དཀར་མཛེས་ཁུལ་གྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་རྒྱུ་སྐུལ་བར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་། ངེས་པར་དུ་དམངས་ཕན་ཞིང་དར་གྱི་ཐོག་མའི་བསམ་འདུན་དམ་སྲུང་དང་། ཡུལ་བབ་དང་བསྟུན་ནས་སྐུལ་བར་དོ་སྣང་། ཡུལ་སྡེ་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད། ས་ཁོངས་ཡོངས་ཀྱི་ཉེན་མེད་ཀྱི་མཐིལ་ཚད་བརྟན་སྲུང་བཅས་བྱ་དགོས་པ་རེད།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། དཀར་མཛེས་ཁུལ་གྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྐུལ་བའི་དམིགས་འབེན་གཙོ་བོ་ནི2030ལོར་སླེབས་སྐབས་ཞིང་ལས་སྔར་ལས་འཕེལ་རྒྱས་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བ་དང་། ཡུལ་སྡེ་སྔར་ལས་སྐྱེ་ཁམས་གནས་འཕྲོད། ཡུལ་སྲོལ་སྔར་ལས་ཤེས་དཔལ་བབ་ཆགས། བཅོས་སྐྱོང་སྔར་ལས་ཚད་ལྡན་གོ་རིམ། ཞིང་པ་སྔར་ལས་ཕྱུག་འགྱུར་ཡོང་བ་བཅས་བྱ་དགོས། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་འགན་ལེན་བྱ་དགོས། 2035ལོར་སླེབས་སྐབས་ཞིང་སྡེར་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་གཞི་རྩའི་ཆ་ནས་འཛོམས་པ་དང་། ཞིང་པས་ཐུན་མོང་དུ་ཕྱུག་འགྱུར་ཡོང་བར་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་སྔར་ལས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་གཞི་རྩའི་ཐོག་མངོན་འགྱུར་འབྱུང་རྒྱུ་དང་། དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོར་ཐོན་ལས་དར་རྒྱས་དང་མཛེས་པའི་གྲོང་སྡེ། ཤེས་དཔལ། བཅོས་སྐྱོང་མཁས་པ། ཐུན་མོང་དུ་ཕྱུག་འགྱུར་ཡོང་བ་བཅས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་རྣམ་པ་གསར་པ་འབྲི་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། དེང་རབས་ཞིང་ལས་འཕེལ་རྒྱས་མགྱོགས་སུ་བསྐུལ་བ་དང་། ཡུལ་སྡེ་ཐོན་ལས་དར་རྒྱས་ཧུར་ཐག་ཡོང་བ་བྱ་དགོས། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་བྱེད་ནུས་ཆེ་རུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོ་རུ་གཏོང་བ། “སི་ཁྲོན་འབྲུ་མཛོད་དང་རྫོང་བརྒྱ་ཡུལ་སྟོང”བསྐྲུན་པ་གཏིང་ཟབ་ཏུ་གཏོང་བ། རྩྭ་ཐང་གི་འབྲོག་ལས་རིམ་སྤར་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ། སྔོ་ཚལ་གྱི་ཐོན་བརྟན་མཁོ་སྤྲོད་འགན་ལེན་ལས་གྲྭ་ལག་བསྟར་བྱ་དགོས། ཁྱད་ཆོས་ཞིང་འབྲོག་ཐོན་ལས་རྒྱ་ཆེར་གཏོང་བ་དང་། “གཙང་གསུམ་རྒྱུད་དྲུག”གི་དེང་རབས་ཞིང་ལས་ཐོན་ལས་དར་ཁུལ་བསྐྲུན་པ་དང་། ནོར་གནག་འཕེལ་རྒྱས་གཏོང་བ། ནགས་ཁྲོད་དཔལ་འབྱོར་དང་མཐོ་སྒང་གི་སྐྱེ་ཁམས་ཉ་ལས་འཕེལ་རྒྱས་གཏོང་བ། དེང་རབས་ཞིང་ལས་གླིང་ཁུལ་རིམ་བཞིན་བསྐྲུན་པ། ཞིང་ལས་ཐོན་རྫས་སྤུས་ཚད་ཉེན་མེད་ཀྱི་སྦྲེལ་ཐག་ཡོངས་ཀྱི་དོ་དམ་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏང་དགོས། ཞིང་ལས་ལས་གྲྭ་གཙོ་བོ་ལག་ལེན་བསྟར་ནས་ཐོན་རྫས་གཙོ་བོ་ལེགས་སུ་གཏོང་བ་དང་ཁེ་ལས་གཙོ་བོ་སྟོབས་ཆེར་གཏོང་བ། སྤུས་རྟགས་ལེགས་པོ་བཟོ་དགོས་པ་དང་། ཞིང་ལས་ཚན་རྩལ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་ལས་ཚན་རྩལ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། སོན་ལས་དར་རྒྱས་ལག་ལེན་བསྟར་ཏེ་ཞིང་ལས་འཕྲུལ་ཆས་ཀྱི་ལས་གྲྭ་མཐོ་རུ་གཏོང་བ་དང་། ཞིང་འབྲོག་ལས་ཀྱི“རིག་ནུས་ཅན་བཅོས་བསྒྱུར་དང་ཨང་ཀི་ཅན་བསྒྱུར་བ”ལ་བསྐུལ་ཏེ། ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་སྤུད་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱ་དགོས། དེང་རབས་ཀྱི་ཞིང་ལས་གཉེར་སྐྱོང་མ་ལག་བསྐྲུན་པ་དང་། ཞིང་ལས་གཉེར་སྐྱོང་གི་གཙོ་གཟུགས་གསར་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ། རྫོང་དང་ཡུལ་སྡེ་རིམ་པ་གསུམ་པའི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། ཞིང་སྡེའི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་དང་རྒྱ་སྐྱེད་གཏང་དགོས། ཡུལ་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་བསྐུལ་ཏེ། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས་བཟོ་སྣོན་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་ནོར་གནག་གི་ཐོན་རྫས་བཟོ་སྣོན་སྟོབས་ཆེན་གྱི་དཀར་མཛེས་ཁུལ་བསྐྲུན་པ་དང་། རྫོང་དང་ཡུལ་སྡེ་རིམ་པ་གསུམ་གྱི་ཟོང་འགྲུལ་མ་ལག་འཐུས་ཚང་དུ་གཏོང་བ། ཞིང་ལས་ཀྱི་སྐྱེ་ཁམས་ར་བ་བཙུགས་ཤིང་ཐོན་ལས་འཁོར་འབྲེལ་གཙོ་བོ་སྟོབས་ཆེན་གཏོང་བ་ལ་བསྐུལ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཡུལ་སྡེ་འཛུགས་སྐྲུན་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཤུགས་ཡོད་རྒུས་སྐྱེ་ཁམས་འཚོ་སྡོད་ཀྱི་ཡུལ་གྲོང་བསྐྲུན་དགོས། “ཡུལ་སྦྲེལ་སྣེ་ཁྲིད་དང་། སྡེ་བརྒྱ་རིམ་སྤར”གྱི་བྱ་སྤྱོད་ལག་ལེན་བསྟར་ནས་ཡུལ་སྡེ་ས་ཁུལ་གྱི་འཆར་འགོད་དོ་དམ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་བཅོས་སྒྲིག་བྱེད་པ། གྲོང་ཡུལ་གྱི་རྣམ་པ་ལེགས་སུ་གཏོང་བ། ཡུལ་སྡེའི་སྤུས་ལེགས་འཚོ་བའི་བར་མཐོངས་བསྐྲུན་དགོས། ཡུལ་སྡེའི་རྨང་གཞི་མཁོ་བསྒྲིགས་མ་ལག་འཐུས་ཚང་བཏང་སྟེ་ཞིང་སྡེའི་ལམ་དྲྭ་ཤར་གཏོང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཞིང་སྡེའི་ཆུའི་ཉེན་མེད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་སྡེའི་ནུས་ཁུངས་འདོད་སྤྲོད་ལེགས་སུ་གཏོང་བ། ཨང་ཀིའི་ཡུལ་སྡེ་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་གཞི་བཅས་ལག་ལེན་བསྟར་ཏེ་ཞིང་སྡེའི་ལམ་དྲྭ་དང་། ཆུ་དྲྭ། གློག་དྲྭ། འཕྲིན་གཏོང་གི་དྲྭ། ཟོང་འགྲུལ་གྱི་དྲྭ་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ཡུལ་སྡེའི་སྤྱི་པའི་ཞབས་ཞུ་ཀུན་ཕན་མཉམ་སྤྱོད་ལ་བསྐུལ་ནས་གཞི་རིམ་གྱི་སློབ་གཉེར་ཆ་རྐྱེན་མུ་མཐུད་དེ་ལེགས་སུ་གཏོང་བ་དང་། བདེ་ཐང་གི་ཡུལ་སྡེ་འཛུགས་སྐྲུན་ལེགས་སུ་གཏོང་བ། “རྒན་པ་དང་གཅིག་བྱིས་པ་དང་གཉིས”ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་བཏང་ནས་ཞིང་སྡེའི་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་ཇེ་མཐོར་གཏང་དགོས། ཡུལ་སྡེའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡུལ་སྡེའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོའི་ལས་དོན་ཏན་ཏིག་བསྒྲུབ་དགོས། ཡུལ་སྡེའི་སྦགས་བསླད་འགོག་བཅོས་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཐོ་སྒང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་བྱ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། རྒྱུན་མཐུད་སྒོས་ཞིང་སྡེའི་བསམ་པའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་དུས་རབས་གསར་པའི་ཤེས་དཔལ་གྱི་དར་སྲོལ་གསར་པ་གསོ་སྐྱོང་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པ་དང་། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཁྱབ་སྤེལ་ལས་གྲྭ་ལག་བསྟར་གཏིང་ཟབ་ཏུ་གཏོང་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གསར་བརྗེའི་སྙིང་སྟོབས་རྩ་བ་ཚུགས་པའི་ལས་གཞི་གཏིང་ཟབ་ཏུ་བཏང་ནས་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཙིགས་སུ་འཛིན་དགོས། ཡུལ་སྡེའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་སྲུང་སྐྱོང་དང་བརྒྱུད་འཛིན་བྱས་ཤིང་། ཡུལ་སྡེའི་རིག་གནས་ཤུལ་བཞག་དང་ཞིང་འབྲོག་རིག་གནས་ཤུལ་བཞག། གཟུགས་མེད་རིག་གནས་ཤུལ་བཞག་ཐོན་ཁུངས་སྲུང་སྐྱོང་བཅས་ཀྱི་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ས་གནས་རང་གི་རིག་གནས་ལ་འདུས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་རིན་ཐང་བཙོ་སྦྱངས་གཏིང་ཟབ་བྱས་ཤིང་། སྲོལ་རྒྱུན་གྱི་གྲོང་སྡེ་དང་མི་རིགས་ཀྱི་ཁྱད་ཆོས་གྲོང་ཚོ། གནའ་བོའི་ཤིང་སྡོང་གྲགས་ཅན་བཅས་སྲུང་སྐྱོང་དང་བེད་སྤྱོད་ཚད་ལྡན་བྱས་ཏེ་ཡུལ་སྡེ་དང་ཡུལ་ཤོག། གྲོང་བརྡལ་བཅས་ཀྱི་ལོ་རྒྱུས་རྩོམ་སྒྲིག་དང་དཔར་སྐྲུན་ལེགས་པོ་བྱ་དགོས། ཡུལ་སྡེའི་སྤྱི་ཚོགས་ཤེས་དཔལ་སྐྱེད་སྲིང་ལ་སྐུལ་འདེད་དང་ཡུལ་སྡེའི་གོམས་སྲོལ་བསྒྱུར་བ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལས་གཞི་གཏིང་ཟབ་ཏུ་གཏོང་ཞིང་། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཞིང་པའི་ཚན་རིག་བྱང་ཚད་མཐོ་རུ་གཏང་དགོས། ཡུལ་སྡེ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རྫོང་དང་ཡུལ་ཤོག། ཡུལ་སྡེ་རིམ་པ་གསུམ་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་བ་འཐུས་ཚང་དུ་གཏོང་བ། རིག་གནས་དམངས་ཕན་དང་རིག་རྩལ་བརྩམས་ཆོས་སྤུས་ཚད་མཐོ་རུ་གཏོང་བའི་ལས་གཞི་ལག་ལེན་བསྟར་ཏེ་གནས་མཆོག་དཀར་མཛེས་ཁུལ་གྱི“ཡུལ་སྡེའི་མིང་རྟགས”མང་ཚོགས་རིག་གནས་ལུས་རྩལ་བྱེད་སྒོ་ཡག་པོ་སྤེལ་དགོས།
( པར་ངོས་བཞི་པར་གཟིགས།)
