མེ་ཏོག་དཀར་དམར་གྱི་མཛེས་པ།།
དྲི་བཞོན་རླུང་བུ་ཡིས་བདས་ནས།།
ངེས་མེད་ཕྱོགས་བཞི་རུ་འཁུར་དུས།།
སེམས་ཀྱི་སྤང་ཐང་ནི་སྟོངས་སོང་།།
ལྗང་སྨུག་རི་ལུང་གི་བརྗིད་ཉམས།།
སྐྱ་མདོག་ཁ་བ་ཡིས་ཟིན་ཏེ།།
རླུང་བུ་ཤུར་ཤུར་གྱིས་ལྡང་བའི།།
སྣང་བའི་རི་ལུང་ནི་འཁྱག་བྱུང་།།
ཚང་ཚིང་གཡུ་ལོ་ཡི་སྒེག་ཉམས།།
སྟོན་མཇུག་སེར་མདངས་ཀྱིས་ཟིན་ནས།།
ལོ་མ་དྲི་གཞོན་གྱིས་འཁྱེར་དུས།།
ཡིད་ཀྱི་ནགས་ཀླུང་ནི་དབེན་སོང་།།
གཙང་པོ་རྒྱང་བཞུད་ཀྱི་གཞུང་ལ།།
དགུན་ཟླའི་གྲང་བ་ཡིས་བདམས་ནས།།
ཉ་མོ་འཁྱུག་བགྲོད་ལ་དབུལ་དུས།།
ཞེ་ཁ་ལྷགས་རླུང་གིས་གཙེས་བྱུང་།།
འཇིག་རྟེན་མི་ཡུལ་གྱི་འཚོ་བ།།
ཞེ་ནག་འཁོར་བ་ཡིས་བཅིངས་ནས།།
དལ་མེད་ངལ་བ་ཡི་བར་ནས།།
ལུས་ཀྱི་ལང་ཚོ་ནི་ཡལ་སོང་།།
༼ རྡོ་རྗེ་ཐར་ལམ། ༽
