༡
དུས་ཚོད་ཀྱི་གཙང་པོས་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་ལོ་རྒྱུས་ཁུར་ནས་ཐག་རིང་ཐག་རིང་ཞིག་ལ་བཞུད་སོང་། ལྗོན་ཤིང་སྐམ་པོ་འགའི་མྱ་ངན་གྱི་མིག་ཆུ་ཁོ་ན་ཁེར་རྐྱང་ངང་ས་ཆེན་གྱི་པང་དུ་འཁྱིལ་འདུག་ལ། དེ་ཚོ་ལོ་ངོ་སྟོང་ཕྲག་ལྷག་བརྒྱུད་པའི་ཕ་ཁྱིམ་འདིའི་ཐབ་སྲུང་ཐ་མའང་ཡིན་ངེས། ལོ་རེའི་དབྱར་ཁར། ཡུལ་གྲུ་འདིར་ཆར་ཆུ་མང་པོ་བབས་ནའང་། གསོན་ཤུགས་ལྡན་པའི་ལྗོན་ཤིང་གསར་པ་ཞིག་གཏན་ནས་སྐྱེས་མི་འདུག་ལ། སྐྱེས་འདོད་ཀྱང་མི་འདུག། ནམ་ཟླ་དབྱར་གྱི་གཞུང་ལའང་རྩི་ཤིང་གི་ལྗང་མདོག་མཐོང་རྒྱུ་མེད་ལ། གཙང་ཆབ་ཀྱི་བཞུར་རྒྱུན་ཡང་རྩ་ནས་ཆད་འདུག། ངས་ལྗོན་ཤིང་སྐམ་པོ་དེ་ཚོར“ཁྱོད་ཚོའི་གནས་འདིར་རྩྭ་ཆུ་མི་འཛོམས་པ་ཅི་རེད” ཅེས་དྲིས་པར། སྡོང་སྐམ་འགོ་སྒུར་ཅན་དེས“ ཆར་ཆུ་འབབ་དགོས་སར་མ་འབབ་པ་རེད།”ཟེར། སྡོང་སྐམ་རྐང་ཆག་ཅན་དེས“ཆུ་ལོག་གི་གནོད་པ་བྱུང་བས་རེད”ཟེར། ཡིན་ཏེ། ཆར་ཆུ་མང་ན་ཆུ་ལོག་ལོས་ཡོད། ཐན་ལྟས་ཀྱི་ཆུ་ལོག་འདིས་ཡུལ་གྲུ་འདིའི་གདོད་མའི་གནོད་བཅུད་ལ་གཏོར་བརླག་ཚབ་ཆེན་ཐེབས་ནས་ད་ལྟ་སླར་གསོན་བྱེད་དཀའ་བའི་ཚད་དུ་སླེབས་འདུག།
བརྩེ་སེམས་ཅན་གྱི་གང་ཟག་སྐོར་ཞིག་གིས་ཡུལ་འདིའི་ས་ཞིང་ལ་ལུད་བཞག། ཆུ་བཏང་། རྩྭ་ལྡུམ་བལ། གཡོན་པར་གྱུར་པའི་གསར་སྐྱེས་ཀྱི་ལྗོན་ཤིང་དག་གི་ཡལ་ག་འཁྱོག་པོ་དག་དྲང་པོར་བཅོས། ཁ་དོག་འགྱུར་བའི་གསར་བཞད་ཀྱི་མེ་ཏོག་དག་ལ་ཁ་དོག་གི་སྡེབ་ཁ་གསར་དུ་བསྒྲིགས། འབུ་སྲིན་གྱིས་བཟུང་པའི་སིལ་སྡོང་རུལ་བ་དག་ལ་སྨན་ཁབ་བརྒྱབ། དེ་ལྟར་མི་ལོ་ཉི་ཤུ་ལྷག་ལ་འབད་བརྩོན་བྱས་ཀྱང་། གནས་འདིའི་གནོད་བཅུད་ལ་མངོན་སུམ་གྱི་འགྱུར་ལྡོག་ཅི་ཡང་འབྱུང་ཐུབ་མི་འདུག།
༢
ངས་རང་གི་རྒྱང་སྒྲིབ་ཀྱི་མིག་ལ་རྒྱང་མཐོང་གི་མིག་ཤེལ་བརྒྱབ་ནས་ཡུལ་གྲུ་འདིའི་སྟོད་སྨད་བར་གསུམ་ལ་ཞིབ་ལྟ་ཐེངས་གཅིག་བྱས་པས། སྙིང་དུ་སྡུག་པའི་སིལ་སྡོང་གི་ར་བ་ཞིག་ཏུ་རིགས་དང་ཁ་དོག་མི་འདྲ་བ། དབྱིབས་དང་རྣམ་པ་མི་འདྲ་བ། སྔོན་ཆད་སྐྱེས་མ་མྱོང་ལ་མཐོང་ཡང་མ་མྱོང་པའི་སིལ་ཏོག་མང་པོ་སྐྱེས་འདུག། དཀར་པོ། དམར་པོ། སེར་པོ། སྔོན་པོ། ལྗང་ཁུ། གློ་ཁ། ལི་མདོག། སྨུག་པོ། གྲུ་བཞི། གོར་གོར། ནར་ནར། ཟླུམ་པོ། འཇོངས་པོ། མདོར་ན་ཁྱོད་ཀྱི་སྣ་ཡིས་བསྣམ་མ་ཐུབ་པ་ཐམས་ཅད་དང་ལྕེ་ཡིས་མྱོང་མ་ཐུབ་པ་ཐམས་ཅད་གནས་འདིར་འཛོམས་ཡོད་ལ། མིག་གིས་མཐོང་མ་མྱོང་བ་ཐམས་ཅད་དང་སེམས་ལ་དྲན་མ་ཐུབ་པ་ཐམས་ཅད་ཀྱང་གནས་འདིར་འདུས་ཡོད། སྤྲེལ་རྒན་བགྲེས་པོ་ཞིག་གིས་མིག་ཆུ་དང་བཅས“ང་རང་ཆུང་དུས་གནས་འདིར་དྲི་ཞིམ་ལ་བཅུད་ལྡན་པའི་སིལ་ཏོག་མང་པོ་ཡོད་མོད། ལོ་ལྔ་བཅུའི་སྐབས་ནས་བཟུང་གནས་འདིའི་སིལ་ཏོག་ལ་འགྱུར་བ་ཆེན་པོ་ཞིག་བྱུང་སོང་། ཁ་དོག་དང་དབྱིབས་སྣ་ཚོགས་ཅན་གྱི་སིལ་ཏོག་ཁྲོད་ཞིམ་མངར་དང་འཚོ་བཅུད་ཕར་ཞོགས། ཆེས་མ་མཐའི་བཟའ་ཆོག་པ་ཞིག་ཀྱང་མི་འདུག ” ཟེར། ཁོ་ལ་ཅི་ཁག། ང་རང་གནས་འདི་ནས་དུས་ཚོད་ཉི་ཤུ་ལྷག་ལས་མ་བསྡད་ཀྱང་། ཧ་ཅང་འདུག་མི་བཟོད་པའི་ཚོར་བ་ཞིག་གིས་ནམ་རྒྱུན་ངའི་སེམས་ལ “ ཉག་ཕྲན། ད་སོང་ཡ། ལ་ཕུག་སྐམ་པོ་ཞིག་འཆས་ནས་སོ་མི་ནའམ། ས་བོན་རུལ་བ་ཞིག་ལ་ཆུ་ལུད་ཅི་འདྲ་བཞག་ཀྱང་མྱུ་གུ་འབུས་སྲིད་པ་མ་རེད། མྱུ་གུ་འབུས་སྲིད་ཀྱང་འབྲས་བུ་ཐོགས་པ་མ་རེད། འབྲས་བུ་ཐོགས་སྲིད་ཀྱང་ནང་སྙིང་རུལ་བ་ཞིག་ལས་མ་འདས་སོ།” ཟེར། ཡིན་ནའང་ངས་རང་ལ་ད་དུང་ཅུང་ཟད་ཧུར་བརྩོན་བྱོས་དང་། ཉམ་ང་བའི་གནས་བབ་འདིར་འགྱུར་བ་ཅུང་ཙམ་ཐོབ་ངེས་ཡིན་ཞེས་སྐུལ་མ་གནང་། འོན་ཀྱང་ང་རང་གཞི་ནས་ཕམ་སོང་།
༣
ནུབ་ཕྱོགས་ཀྱི་སྐྱེས་རི་སྨུག་པོའི་འདབས་སུ་སྐམ་ཐག་མ་ཆོད་པའི་མཚེའུ་ཞིག་འདུག་ལ། མཚེའུ་ནང་དུ་ཤི་ལ་ཁད་ཀྱི་ཆུ་འབུ་བློ་ཉལ་དག་གིས་འཕག་འཚག་རྒྱག་གིན་འདུག། ཁོ་ཚོས་རྒྱ་མཚོ་ནི་ཤིན་ཏུ་ཆེ་ཟེར། ཆུ་སྐྱེས་སྲོག་ཆགས་ཤིག་ཡིན་ན་རྒྱ་མཚོའི་རླབས་དང་བསྟུན་རྒྱུ་ནི་ཚེ་གཅིག་གི་དམིགས་འབེན་ཡིན་ཟེར། ཁོ་ཚོ་ཡང་ས་བཙོག་འདི་ནས་བྲལ་ཏེ་མཛེས་སྡུག་གི་རྒྱ་མཚོ་ཆེན་པོའི་ནང་འགྲོ་རྒྱུ་ཡིན་ཟེར། ལོས་ཡིན་ཏེ། རྒྱ་མཚོར་བགྲོད་ཐུབ་ན་མཆོག་གི་མཆོག་ཡིན་མོད། ཤི་ལ་ཁད་ཀྱི་ཆུ་འབུ་ཁྱོད་ཚོ་རྒྱ་མཚོའི་གླིང་དུ་ཅི་ལྟར་ཐོན། ཕྱིའི་རྒྱ་མཚོ་སྨད་ཀྱི་སྨད་ཅིག་རེད། འབུ་ཁྱོད་ཚོ་སྟོད་ཀྱི་སྟོད་ན་ཡོད། སྟོད་མཚོ་ཆེན་ཁྲི་ཤོར་མ་མཐོང་བའི། འབུ་ཀླད་མེད་འཕྲུལ་སྣང་མ་སྐྱེས་དང་། ཕྱིའི་རྒྱ་མཚོར་བགྲོད་པ་ཕར་ལ་ཞོགས། འབུ་ནར་ནར་འདུར་རྒྱུག་མང་སོང་ན། བྱ་ཞིག་གི་ཁ་ནང་འཆོར་ཉེན་རེད།
ནེ་ཙོ་ཞིག་ཤར་གྱི་ནགས་ཚལ་ནས་འཕུར་འོངས་ཏེ་འཇིག་རྟེན་སྟེང་མི་སྐད་བཤད་ཤེས་པའི་བྱ་ནི་ང་ཁོ་ན་མ་གཏོགས་མེད་ལ། བྱ་རིགས་ནང་ནས་གཟུགས་ཤིན་ཏུ་མཛེས་པའང་ང་ཡིན་ལ་སྐད་ཆེས་སྙན་པ་ཡང་ང་ཡིན་ཟེར། ཝ་ཡེ། ཁྱོད་ལ་དེ་འདྲའི་ཡིད་ཆེས་དང་རང་སྣང་ཞིག་གང་ནས་བྱུང་། བྱ་ངན། ཁྱོད་ཚོས་མི་སྐད་རྡབ་རྡབ་ཅིག་སྨྲ་ཤེས་མོད། ཁྱོད་ཚོར་མི་སེམས་མེད། མི་གཤིས་མེད། མི་ཚུགས་ཀྱང་མེད། བྱམས་དང་སྙིང་རྗེ། སྟོབས་དང་སྤོབས་པ། ལ་རྒྱ་དང་ཁུ་དཔུང་སོགས་ཅི་ཡང་མེད་པས། ཁྱོད་ཚོ་ནི་ཕྱི་ཤུན་གསར་པ་དང་ནང་སྙིང་རུལ་བའི་གྲས་ལས་མ་འདས་སོ།
༤
གནམ་ངོ་རུབ་སོང་། འབྲུག་རྒན་ལོ་ལོན་ཞིག་མཁའ་མཐའི་སྤྲིན་གསེང་ནས་དལ་བུར་ཐོན་ཞིང་། H གྲོང་ཚོའི་ནམ་མཁའ་ནས་རེ་ཆད་ཀྱི་ཀི་རིང་ཞིག་བཏབ་རྗེས་ཕྱིར་མཁའ་མཐའི་སྤྲིན་གསེང་ལ་ཡལ་སོང་། དེར་མཐུད་ནས་གནམ་ངོ་ཡང་དྭངས། H གྲོང་ཚོའི་མི་རྒན་དག་གིས་ཆར་པ་ཆེན་པོ་ཞིག་ལ་རེ་ཞིང་སྒུག་ཡོད། ཆར་པ་ཆེན་པོ་ཞིག་གིས་གྲོང་ཚོ་འདིའི་ཕྱི་ནང་གི་གནོད་བཅུད་ཐམས་ཅད་ལ་གད་བདར་ཐེངས་གཅིག་བྱས་ན་བསམ། གསར་སྐྱེས་ཀྱི་མྱུ་གུ་དག་ལ་སྐྱེ་སྟོབས་རྒྱས་པའི་བདུད་རྩི་བབས་ན་བསམ། ཡིན་ནའང་ཆར་པ་འབབ་མ་བྱུང་། གྲོང་ཚོ་འདིའི་གསར་སྐྱེས་ཀྱི་མྱུ་གུ་དག་ལ་ལྟ་བའི་མི་ངོམ་པའི་མཛེས་སྡུག་གི་ལང་ཚོ་མངའ་ལ། མཛེས་སྡུག་གི་ལང་ཚོ་དེར་མཆོག་ཏུ་གྱུར་པའི་གསེར་དངུལ་གྱི་གོས་རྒྱན་སྤྲས་འདུག། ཡིན་ནའང་། ངས་གྲོང་ཚོ་འདིིའི་ཕྱི་ནང་གང་དུ་ཡང་འབྲས་བུའི་ཁུར་གྱིས་ལྕི་བའི་ཞིང་ས་ཞིག་མཐོང་མ་བྱུང་། གནད་དོན་དེར་མི་རྒན་མགོ་དཀར་དག་ཀྱང་སེམས་ཁུར་གྱིས་ཁེངས་འདུག།
ས་སྲོད་དུ། ཡི་དགས་མང་པོས་སྨྲེ་ངག་གི་གླུ་དབྱངས་ལེན་ཞོར H གྲོང་ཚོའི་ལྷིང་འཇགས་ཀྱི་མཚན་མོ་དཀྲོགས། ཞི་ལ་སྐེ་ནག་ཅིག་གིས་རང་གི་གུག་ཅིང་འཁྱོག་པའི་མཛུབ་ཀྱིས་ང་སར་བཙུགས་ནས“ངས་ཁྱོད་ཟ་རྒྱུ་ཡིན། ངས་ཁྱོད་ཀྱི་ཨ་མ་ཡང་ཟ་རྒྱུ་ཡིན། ངས་ཚང་མ་ཟ་རྒྱུ་ཡིན།”ཟེར། ངས་ཁོ་ལ“ ཁྱོད་ལ་རྒྱུ་འབྲས་མེད་ཁུ། ”ཞེས་བཤད་རྗེས་མིག་ཟུང་བཙན་གྱིས་བཙུམས་ནས་གཉིད་ཅི་ཐུབ་བྱས། ངོ་མ། H གྲོང་ཚོའི་ཡི་དགས་དང་གདོན་འདྲེ་ལའང་རྒྱུ་འབྲས་མི་འདུག། གནས་ལུགས་བརྩི་ཤེས་མི་འདུག། མིག་རྒྱང་མི་འདུག། ཕུགས་བསམ་མི་འདུག། ལ་རྒྱ་ཡང་མི་འདུག་པས། སེམས་ཅན་གཞན་ཡང་ལྟ་ཅི་དགོས།
ཟླ་བ་ཤར་བྱུང་། ཟླ་འོད་ཀྱིས་མུན་པའི་རྒྱ་མཚོ་ཆེན་པོ་འདིའི་སྨག་རིམ་བཅོམ་མ་ཐུབ། ལོང་བར་གྱུར་པའི་ཆུ་སྲིན་ཞིག་གིས་མུན་པའི་མཚོ་ཆེན་གྱི་ཀློང་ནས་ཅི་ལྟར་མཆེ་གཙིགས་བྱས་ཀྱང་བོངས་ཆུང་བའི་ཉ་རིགས་གཅིག་ཀྱང་ཁ་ནང་དུ་མ་ཐོན། ད་ལྟ་ཁོ་རང་ཤིན་ཏུ་ལྟོགས་འདུག། ཁོས་རང་གི་རྒྱགས་ཆེ་བའི་ལུས་པོས་ཤུགས་ཀྱིས་རྒྱ་མཚོའི་གཏིང་གི་བྲག་རྡོ་ཞིག་ཧྲལ་ཧྲུལ་དུ་བཏང་ཞིང་རྡོ་ལོག་འགའ་རྩྭ་ལྡུམ་དང་ཆུ་རྙོག་ལ་བརྡེབས་ནས་དལ་གྱིས་འཆོས། ཟླ་བ་ཡལ་སོང་། ཟླ་འོད་ཀྱང་མི་སྣང་བར་གྱུར། དེར་མཐུད་ནས་ཆུ་སྲིན་བགྲེས་ལོང་དེའང་ཤི་སོང་། ད་ལྟ། མུན་པའི་རྒྱ་མཚོ་འདིར་རྩྭ་ལྡུམ་གྱིས་ཁེངས་པའི་བྲག་རྡོ་དག་ལས་ཅི་ཡང་མེད། མུན་པ་འདི་ཅི་འདྲའི་སྟུག་པ་ལ།
༥
སུ་ཞིག་གིས་གཟུགས་མེད་ངང་ངའི་མིད་ཐག་ནས་བསྒགས་ཤིང་ལྷོད་ལ། ལྷོད་ཅིང་བསྒགས་ནས་དབུགས་ཀྱི་རྒྱུ་བའང་ཆད་ལ་ཁད་དུ་བཏང་བས། ངས་ཤི་གསོན་གཉིས་ཀྱི་བར་མཚམས་ནས་དགའ་སྡུག་གི་མིག་ཆུ་བཞུར་ལ་ཞེ་སྡང་གི་མེ་ལྕེའང་འབར། ངའི་ཉེ་འཁོར་གྱི་རྩི་ཤིང་དག་སྨྱོས་འདུག། ལྗོན་ཤིང་དག་སྨྱོས་འདུག། ཨ་ང་ཙི་དག་སྨྱོས་འདུག གྲོག་མ་དག་ཀྱང་སྨྱོས་འདུག རི་བོ་དག་སྨྱོས་འདུག། ནགས་ཚལ་དག་སྨྱོས་འདུག། གྲམ་པའི་ནང་གི་རྡོ་བ་དག་ཀྱང་སྨྱོས་འདུག གཅན་གཟན་དང་སྲོག་ཆགས་ཐམས་ཅད་སྨྱོས་འདུག་ལ་དབུགས་ལྡན་དང་དབུགས་མེད་ཐམས་ཅད་ཀྱང་སྨྱོས་འདུག། ད་ནི་ང་ཡང་སྨྱོ་ལ་ཉེ། ངས་རང་གི་རེ་ཐག་ཆད་པའི་སེམས་པར་བལྟས་ནས། ཁོ་ཚོའི་ཤི་ལ་ཁད་ཀྱི་རྣམ་ཤེས་ལ་བསམ་བློ་བཏང་ཞིང་། ཆད་ལ་ཁད་ཀྱི་ཁྲག་རྒྱུན་ལའང་སེམས་ཁུར་བྱས།
ད་ནི་ང་འགྲོ་རན་སོང་བས་བདེ་མོ་འཇོག་པར་བྱ། སྤྱིར་ན་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་སོགས་གང་དུའང“ང་འགྲོ་རན་སོང་།”ཟེར་དུས་བྲལ་མི་འདོད་པ་དང་བློས་མི་ཐོང་བ། ཞེན་ཆགས་དང་མིག་ཆུ་སོགས་གང་མང་ཞིག་འབྲི་སྲིད་མོད། དེ་རིང་གི་ང་ལ་དེ་འདྲའི་ཚོར་བ་སྤུ་ཙམ་ཡང་མི་འདུག། ངས་སྡོང་རྒན་དང་སྤྲེལ་རྒན། མི་རྒན་མགོ་དཀར་ཅན་སོགས་བདེ་མོ་འཇོག་དགོས་པ་དང་འཇོག་འོས་པ་དག་ལ་བདེ་མོ་བཞག་རྗེས། རང་གི་ཅ་ལག་དག་བསྡུ་གསོག་བྱས་ནས་ཕངས་སེམས་ཅི་ཡང་མེད་པར་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་བསྡད་ནས་ཤར་མར་བུད་སོང་། བུད་སོང་། ང་ཡི་དྭགས་ཀྱི་གྲོང་དང་དུད་འགྲོ་ཡི་ཚོགས་དང་བྲལ་ནས་བུད་སོང་། ང་འབྲས་བུ་མི་ཐོགས་པའི་ཞིང་ཚིགས་དང་ནང་སྙིང་རུལ་བའི་སིལ་སྡོང་ར་བ། ད་དུང་འཁྲུལ་སྣང་གིས་ཁེངས་པའི་ཆུ་འབུ་བློ་ཉལ་དང་རང་སྣང་གིས་ཁྱབ་པའི་ནེ་ཙོ་སོགས་དང་བྲལ་ནས་བུད་སོང་།
༼ ཉག་ཕྲན། ༽
