国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལང་ཚོའི་ལྗོན་ཤིང་།

སེམས་ཀྱི་བླ་སྲོག་ཁུར་བའི་ནང་གྲོགས་དེ།།

མི་འགྱུར་ཐེར་ཟུག་ཀུན་གསལ་བུ་མོར་བསྒོམ།།

བསྟུད་མར་ལོ་ཟླའི་འཁོར་བརྩེགས་གས་སྲུབ་ནང་།།

སིམ་གདུང་འདྲེས་མའི་མངར་སྐྱུར་ལྷན་ཏུ་མྱང་།།

དུས་ཀྱི་བསྐལ་པའི་ཚེ་འདིའི་ཐེམ་སྐས་སུ།།

རྣམ་དཔྱོད་རིག་པའི་རྩལ་གྱི་ཡལ་འདབ་རྒྱས།།

ཤེས་འཇོན་ལྗོན་པའི་བསིལ་གྲིབ་ཐུ་འོག་ཏུ།།

ནེའུ་གསིང་སྐྱེ་བོའི་ཚོགས་ཀུན་འདུ་བར་བྲེལ།།

དབྱར་གསུམ་དྲོད་དང་ཆར་ཆུས་སྨིན་བྱེད་ཅིང་།།

བསེར་བུའི་སྙན་གྲགས་འགོག་མེད་ཕྱོགས་ཀུན་རྒྱུ།།

སྐྱེ་དགུའི་གཙུག་གི་ཅོད་པན་རྒྱན་འཛིན་པའི།།

ཡིད་སེམས་དྲོན་མོའི་འདི་ཕྱི་སྐྱབས་ཀྱི་མཆོག་ཉིད་དོ།།

བདག་ཉིད་ཤིན་ཏུ་ཕྲ་བའི་སྲིན་འབུ་ཙམ།།

ཁྱེད་ལ་སྐྱབས་འཚོལ་སྙིང་གི་གཤོག་པ་རེ།།

འགུལ་ཤུགས་བརྒྱ་ཕྲག་བཀོད་པའི་ཕར་ནང་ནས།།

ངལ་འབྲས་གསུང་སྙན་ཙམ་ཡང་མྱོང་ཐབས་བྲལ།།

ཁོ་བོའི་ནང་ཁོག་ཉེ་སའི་ལྗང་འདབ་རེ།།

བདག་དབང་བྲལ་བའི་དགུང་ཁའི་སྐར་ཚོམས་བཞིན།།

མཛེས་སྡུག་ཡིད་ལ་འཚེར་ཡང་ལག་ཟུང་དུ།།

འོངས་མེད་མཐོ་ཆེན་དགུང་ཁའི་དབྱིངས་སུ་བཞད།།

སྲོད་ཀའི་འཇིག་རྟེན་འཚོ་བའི་ནང་རོལ་ཏུ།།

ཞེན་ཆགས་སྙིང་ཤའི་འཕར་རྩ་ལྡིང་སྐབས་རེ།།

ཁེར་རྐྱང་ཡ་ཆུང་བྲིས་པའི་སྤྲིངས་ཡིག་དེ།།

ནུབ་ཁའི་རྣམ་རྟོག་གྲིབ་མའི་ངོས་སུ་འཕྱོ།།

ཆགས་སྡང་བཙན་པོའི་མངའ་དབང་ཉིད་གྱུར་པའི།།

འཛིན་ཞེན་སྒྱུ་མའི་ཞགས་པས་བཅིངས་པའི་སེམས།།

ཕྱོགས་འཛིན་རེས་སུ་ཆད་པོ་གཏམ་རྒྱུད་དག།

ན་ཟུག་སྣང་བརྒྱའི་ཁྲོད་དུ་གབ་ལ་བརྩོན།།

ཁྱོད་ཞལ་ཟླ་བ་སྟོང་གིས་གཞལ་མེད་པའི།།

མཛེས་སྡུག་སྟོང་ཕྲག་ཁུར་དུ་འཆང་བ་ཡི།།

འཛུམ་དཀར་འོད་དང་གྲིབ་མའི་ཉག་ཕྲན་ཙམ།།

རྩོལ་སྒྲུབ་འབད་བརྒྱའི་ཀློང་ནས་ཐོབ་པ་དཀོན།།

ཚ་གདུང་དུག་ལྡན་ཉམ་ཆུང་བདག་འདྲའི་དོན།།

རོ་བརྒྱ་བདུད་རྩའི་ཉིང་བཅུད་བསིལ་བའི་ཚལ།།

གསེར་ནག་ཁལ་བརྒྱའི་རིན་ཆེན་བཏང་བྱས་ཀྱང་།།

བརྩེ་བའི་ལག་ཟུང་བདག་ལ་ཕྱོགས་ཐབས་དབེན།།

འཁོར་བའི་གར་སྟེགས་རྨི་ལམ་སྒྱུ་མའི་ནང་།།

བདེ་མོའི་འཇིག་རྟེན་བདེ་མོའི་ངང་ལ་རྫོགས།།

འདུ་འབྲལ་ཆོས་ཉིད་འདུས་བྱས་རང་གཤིས་དེ།།

ཟིན་མེད་དྲན་པའི་ངོས་སུ་འཆར་འགོང་ཙམ།།

༼ སྒང་ཁྱུང་སྐྱེས། ༽