( པར་ངོས་གཉིས་པར་མཐུད།)
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། དུས་བདེའི་ཁྲིམས་སྐྱོང་གི་ཡུལ་སྡེ་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ་ཡུལ་སྡེ་བཅོས་སྐྱོང་མཐོ་རུ་གཏང་གང་ཐུབ་བྱ་དགོས། ཏང་འཛུགས་སྐྱོང་གིས་ཡུལ་སྡེ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། ཡུལ་སྡེའི་མགོ་ཁྲིད་ཚན་ཁག་དྲག་འདེམས་ཧྲག་སྒྲིག་བྱས་ཏེ་ཏང་མིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཡུལ་མིའི་རང་སྐྱོང་གཏིང་ཟབ་ཏུ་གཏོང་བ། གྲངས་གཞིའི་ནུས་པ་སྤྲད་དེ་ཡུལ་སྡེ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ཁྲིམས་ལྟར་ཡུལ་སྡེའི་ཆོས་ལུགས་ལས་དོན་ཚད་ལྡན་དོ་དམ་བྱས་ཏེ། ཁྲིམས་མཐུན་སྲུང་སྐྱོང་དང་ཁྲིམས་འགལ་བཀག་འགོག། ཐལ་དྲགས་པ་བཀག་འགོག། སིམ་འཛུལ་བཀག་འགོག། ཉེས་གསོག་རྩ་དོན་ལ་རྡུང་རྡེག་གཏོང་བ་བཅས་མཐའ་འཁྱོངས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྣེ་ཁྲིད་ཧུར་ཐག་བྱ་དགོས། ཡུལ་སྡེའི་ཉེན་ཁ་འགོག་ཟོན་མ་ལག་འཐུས་ཚང་དུ་གཏོང་བ་དང་འགལ་བ་དང་རྩོད་གཞིའི་འགོ་ཁུངས་སྔོན་འགོག་དང་སྔོན་ཚུད་ཉེན་བརྡ་གྲལ་བཤེར་བྱེད་པ། སྣ་མང་ཅན་གྱི་ལམ་སྲོལ་དང་ནག་ཚོགས་གཙང་སེལ་རྒྱུན་རྣམ་ཅན་དུ་སྤེལ་བ། ཡུལ་སྡེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏང་དགོས། ཉེན་མེད་ཐོན་སྐྱེད་ཀྱི“དཀར་མཛེས་ཁུལ་གྱི་དོན་ཚན་དྲུག”གི་བྱེད་ཐབས་ལག་བསྟར་ནན་པོ་བྱེད་པ་དང་། ཞིང་ལས་ཞིང་སྡེའི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཆུང་དུ་གཏོང་བའི་མ་ལག་འཐུས་ཚང་དུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ཟབ་ཏུ་སྤེལ་བ། གཞི་རིམ་གྱི་འཚུབ་བསྟུན་རྨང་གཞི་དང་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ་གཞི་རིམ་གྱི་འཚུབ་བསྟུན་དོ་དམ་ནུས་པ་མཐོ་རུ་གཏང་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཡུལ་སྡེ་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་ཕྱུག་འགྱུར་གྱི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏང་དགོས། གནད་སྨིན་རོགས་སྐྱོར་རྒྱུན་རྣམ་ཅན་ཡག་པོ་བསྒྲུབ་པ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། གསར་སྤེལ་རྣམ་པའི་རོགས་སྐྱོར་དང་སྤྱི་ཚོགས་རོགས་སྐྱོར་གྱི་གཞི་རྩའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། རོགས་སྐྱོར་ཐོན་ཁུངས་དང་སྟོབས་ཤུགས་སྣ་ཚོགས་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་ཡག་པོ་བཅས་བྱས་ནས་རོགས་སྐྱོར་སྲིད་ཇུས་མཐུན་སྦྱོར་གཅིག་སྡུད་ཡོང་བར་སྐུལ་འདེད་གཏང་དགོས། ཞིང་པའི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། རྫོང་དང་ཡུལ་ཤོག། ཡུལ་སྡེ་རིམ་པ་གསུམ་གྱི་ངལ་ལས་མ་ལག་འཐུས་ཚང་དུ་གཏོང་བ། གུད་གསབ་ལས་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ།“ཞིང་པ་ལས་མིའི་ཤེས་ལྡན་མི་སྣ་ཕྱིར་འདྲེན་ལས་གྲྭ”ལག་ལེན་བསྟར་ཏེ་ཞིང་པའི་ཁེ་དབང་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། ནུས་ཤུགས་ཡོད་རྒུས་ཞིང་པའི་ཡོང་འབབ་འཕར་ཐབས་རྒྱ་ཆེར་གཏོང་བ་དང་། ཞིང་སྡེའི་ཐོན་ཁུངས་རྒྱུ་ནོར་མ་རྩ་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་དང་། ཞིང་ཕན་དམངས་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ། སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་བཅས་མཐུན་སྦྱོར་ངང་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་སྟེ་ཞིང་པའི་ཡོང་འབབ་འཕར་སྣོན་གྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་ཤུགས་ཆེ་རུ་གཏང་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཞིང་ལས་ཞིང་སྡེ་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་དང་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། ཞིང་སྡེའི་ས་ཞིང་ཐོན་ཁུངས་དང་བེད་མ་སྤྱད་པར་བཞག་པའི་ས་ཞིང་བེད་སྤྱོད་ནུས་ལྡན་བྱེད་པར་ཤུགས་བསྣན་དགོས་པ་དང་། ཞིང་སྡེའི་འགན་གཙང་ལེན་ས་ཞིང་གི“དབང་གསུམ་དབྱེ་གཅོད”ཀྱི་བསྒྱུར་བཅོས་ཟབ་སྤེལ་དང་། ས་ཁོངས་ཡོངས་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་སྡེའི་ཐོན་ཁུངས་རྒྱུ་ནོར་མ་དངུལ་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་སྣ་མང་ཅན་གྱི་མ་དངུལ་འཇོག་བསྡུའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཞིང་སྡེ་ཁྱབ་ཁོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལ་མ་དངུལ་འཇོག་པར་དམིགས་བསལ་གྱིས་སྔོན་ལ་འགན་སྲུང་བྱེད་པ། འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་པའི་ནོར་སྲིད་གཏོང་འཇོག་འཕར་སྣོན་ལམ་སྲོལ་འཛུགས་པ་བཅས་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་ཕྱོགས་གཉིས་ལུགས་མཐུན་ངང་འཁོར་སྐྱོད་བྱེད་པར་བསྐུལ་བ་དང་། ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བར་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་བསྐུལ་བ། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་རྒྱས་གཏོང་བའི་ལོ་ལྔའི་བྱ་སྤྱོད་ལག་བསྟར། རྫོང་ཁོངས་ཀྱི་ཤེས་ལྡན་མི་སྣ་གཅིག་གྱུར་འཆར་འགོད་ཀྱིས་བཀོལ་སྤྱོད་བྱེད་པར་འགན་སྲུང་དང་བསྔགས་སྐུལ། རྫོང་ཁོངས་ཀྱི་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་བ་དང་། རྫོང་ཁོངས་ཀྱི་གྲོང་ཡུལ་སྒྲིག་སྲོལ་མང་པོ་གཅིག་ཏུ་འབྲེལ་བའི་སྦྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྫོང་མཁར་དང་གཙོ་གནད་གྲོང་རྡལ་མཐུན་སྦྱོར་མཉམ་འགུལ་འཕེལ་རྒྱས་དང་། ལེགས་བསྡུས་ཞིབ་གཉེར་དམ་ཚགས་ཀྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། རྫོང་དང་ཡུལ་ཤོག། གྲོང་སྡེའི་ནུས་པ་འབྲེལ་མཐུད་དམ་ཟབ་དང་མཉམ་སྡེབ་གསབ་རེས་ཡོང་བར་བསྐུལ་བ་བཅས་བྱ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་བསྐུལ་དགོས། ཏང་གིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་འགོ་ཁྲིད་པའི་ལས་ཀའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་པ་བཞིའི་ཧྲུའུ་ཅི་ཡིས་ཡུལ་སྡེ་དར་རྒྱས་གཏོང་བར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་ཨུ་རིམ་པ་ཁག་གི་ཞིང་སྡེ་ལས་དོན་འགོ་ཁྲིད་ཚོ་ཆུང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་སྡེ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་བསྐུལ་བའི་ཆེད་དོན་གསོ་སྦྱོང་གཏིང་ཟབ་སྤེལ་བ། ཏང་མི་ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། ས་ཁོངས་ཅན་དུ་འགྱུར་བར་བསྐུལ་བའི་ཡུལ་སྡེ་དར་རྒྱས་གཏོང་བའི་ལམ་སྲོལ་དོན་འཁྱོལ་དང་། ས་ཁོངས་བར་མཐོངས་ཀྱི་བཀོད་སྒྲིག་དང་། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་དང་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་བཅས་གཅིག་གྱུར་འཆར་འགོད་དང་ལེགས་སྒྱུར། གྲོང་ཚོ་ལས་བརྒལ་བའི་མཉམ་སྐྲུན་དང་བཅོས་སྐྱོང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཡུལ་སྡེ་སྤྱི་ཡོངས་ཀྱི་འཕེལ་རྒྱས་ནུས་པའི་རིམ་པ་དང་ཕྱོགས་བསྡུས་འཛུགས་སྐྲུན་གྲུབ་ཚུལ་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས། “ཞིང་གསུམ”ལས་ཀ་བྱེད་སྟངས་དང་བྱེད་ཐབས་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པ་དང་། སྲིད་འགན་ལག་རྗེས་ཡང་དག་པའི་འདུ་ཤེས་འཆང་བ་དང་ལག་ལེན་བསྟར་བ།“མྱུར་སྒྲུབ་ལ་བརྩི་མཐོང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ།”བཅས་ཀྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱ་ཆེའི་ཏང་མི་ལས་བྱེད་པས་སེམས་ཤུགས་སྔར་ལས་མང་པོ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཕྱོགས་དང་པོར་འཇོག་དགོས་པའི་ཁྲིད་སྟོན་བཅས་བྱ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་ནི་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཁུལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་དམིགས་འབེན་གཏན་འཁེལ་དང་། དམར་ཐིག་དང་མཐིལ་ཚད་བརྟན་སྲུང་། འཕེལ་རྒྱས་ཀྱི་འདེགས་སྐྱོར་སྟོབས་ཆེར་གཏོང་བ། ནང་སྐྱེས་སྒུལ་ཤུགས་སྐུལ་སློང་། མཛེས་སྡུག་གི་ཡུལ་སྡེ་འཛུགས་སྐྲུན། མཉམ་སྐྱོང་གི་རྣམ་པ་འཛུགས་སྐྲུན་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་འཕེལ་རྒྱས་འཆར་གཞི་དོན་དངོས་སུ་བསྒྱུར་དགོས། ཁུལ་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་མིག་སྔའི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་དམིགས་ཚད་མཐའ་མའི་གདོང་མཆོང་བྱེད་པ་དང་མཐའ་ཚད་བརྟན་པོ་མཐའ་གཅིག་ཏུ་བསྲུངས་ནས་གནོད་འགོག་གནོད་བསྙུང་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་པ་དང་། དམངས་འཚོའི་བྱ་བ་དངོས་སེམས་རྣལ་དུ་ཕབ་ནས་ཡག་པོ་བསྒྲུབས་ཏེ་སྲིད་འགན་ལག་རྗེས་ཡང་དག་པའི་འདུ་ཤེས་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་དང་འགོ་ཁྲིད་ཚན་ཁག་སྐབས་བརྗེ་བ་སོགས་ཀྱི་ལས་དོན་ལ་བསྐུལ་ནས་ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་དེ་བས་ཆེ་བ་འཐོབ་རྒྱུར་བསྐུལ་དགོས། ཚང་འཛོམས་གྲོས་ཚོགས་སུ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སུང་ཆིང་ཧུང་གི་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་གྱི་གནད་དོན་ལ་བརྟག་དཔྱད་བྱས་པའི་སྙན་སེང་ལ་གྲོས་ཞིབ་བྱས་ཤིང་གྲོས་འཆམ་ཡང་བྱུང་། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་སུང་ཆིང་ཧུང་ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་པ་བཅད་པར་ཁས་ལེན་བྱས། ཚང་འཛོམས་གྲོས་ཚོགས་སུ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང《ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་གསུམ་པའི་འཐུས་མི་ཚོགས་ཆེན་འཚོག་རྒྱུ་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་དང་། 2026ལོའི་ཟླ་བ12པར་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་གསུམ་པའི་འཐུས་མི་ཚོགས་ཆེན་འཚོག་རྒྱུ་གཏན་འབེབས་བྱས།
ཚང་འཛོམས་གྲོས་ཚོགས་སུ། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་མི་ལས་བྱེད་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ངོས་འཛིན་གཅིག་མཐུན་དང་། ཡིད་ཆེས་བརྟན་པོ། མཐུན་སྒྲིལ་འབད་འཐབ། ཡར་རྒྱས་བརྩོན་ལེན་བཅས་བྱས་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི“ཞིང་གསུམ”ཞབས་སྟེགས་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་དཀར་མཛེས་ཁུལ་ཐེངས་བཅུ་གསུམ་པའི་འཐུས་མི་ཚོགས་ཆེན་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།། ( ལྷ་འཛོམས་དང་བདེ་སྐྱིད། མིག་དོན། ཨོ་རྒྱན། བདེ་ཆེན། རྒྱ་མཚོ་བཅས་ཀྱིས་བསྒྱུར།)
