སྤྱི་ཟླ7པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་འཛམ་གླིང་སྣེ་ལེན་ཁང་དུ2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་སྤྱི་ཟླ7པའི་ཚེས17ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ7ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་འཛམ་གླིང་སྣེ་ལེན་ཁང་དུ་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།
ཧོང་ཕུའུ་གཙང་པོའི་ངོགས་སུ་རྦ་རླབས་འཕྱུར། འཛམ་གླིང་སྣེ་ལེན་ཁང་དུ་སྐུ་མགྲོན་འཛོམས།
ཞི་ཅིན་ཕིང་གིས་ཚོགས་ཞུགས་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། དེ་བཞིན་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་དང་མཉམ་དུ་ལྷན་བཞུགས་སྐུ་པར་བསྐྱོན་པ་རེད།
ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད《ལག་གདང་སྦྲེལ་ནས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་བསྐྲུན་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་ཚད་བརྒལ་མྱུར་པོ་བྱུང་ནས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ལག་རྩལ་གསར་གཏོད་ལ་སྔར་བྱུང་མྱོང་མེད་པའི་དུས་བབ་བཟང་པོ་འཕྲད་ནས་གོ་སྐབས་ཆེན་པོ་མཁོ་འདོན་བྱས་ཡོད་ལ། བཅོས་སྐྱོང་གི་འགྲན་སློང་ཡང་འཕྲད་ཡོད། མིའི་རིགས་ཀྱིས་དུས་རབས་ཀྱི་གནད་དོན་ལ་ཁ་གཏད་མི་འཇལ་ཐབས་མེད་དུ་གྱུར་པ་སྟེ། འཕྲུལ་ཆས་ཀྱིས་བསམ་གཞིག་བྱེད་འགོ་ཚུགས་སྐབས་མིའི་རིགས་ཀྱིས་དེ་དང་མཉམ་གནས་ཇི་ལྟར་བྱེད་དགོས་སམ། རྩིས་རྒྱག་རིག་པར་བརྟེན་ནས་ཐབས་ཇུས་འགོད་སྐབས་བདེ་འཇགས་འགན་ལེན་ཇི་ལྟར་བྱེད་དགོས་སམ། ལག་རྩལ་གྱིས་མི་ཆོས་ལ་འགྲན་སློང་བྱེད་སྐབས་བཅོས་སྐྱོང་ཇི་ལྟར་བྱེད་དགོས་སམ། ཧེ་བག་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་སྐབས་ཀུན་ཕན་ཇི་ལྟར་ཡོང་བར་བྱེད་དགོས་སམ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་ནས་མི་གཙོ་བོར་འཛིན་པ་དང་དགེ་བརྩོན་ཡར་ཐོན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་མི་ཐབས་རིག་ནུས་དེ་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཏེ། གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་ལག་གདང་སྦྲེལ་ནས་བསྐྲུན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
( པར་ངོས་བཞི་པར་གཟིགས།)
