ད་ལོར། ཕྱག་ཕྲེང་རྫོང་མཐོ་རིམ་སློབ་འབྲིང་གིས་ཚད་ལྡན་ཅན་གྱིVRརིག་ནུས་སློབ་ཁང་བསྐྲུན་ཏེ། ཨང་ཀི་ཅན་གྱི་དངོས་སླེབས་མྱོང་རོལ་རྣམ་པའི་སློབ་ཁྲིད་ལ་བརྟེན་ནས་ས་ཁོངས་བཀག་རྒྱ་ལས་བསྒྲལ་ཏེ་དངོས་སྣང་གསོན་ཉམས་ཅན་གྱི་སློབ་ཚན་སློབ་གྲྭར་དྲངས་ནས་ཨང་ཀིའི་སྟོབས་ཤུགས་ལ་བརྟེན་ནས་སློབ་གསོའི་ཞན་ཆ་བསྐངས་ཏེ། མཐོ་སྒང་སློབ་མ་ཚོས་སྒོ་ཁ་ནས་སློབ་གསོ་སྤུས་ལེགས་ཐོན་ཁུངས་ལོངས་སུ་སྤྱད་ཐུབ་པ་བྱས་ཡོད།
VRསློབ་ཚན་གྱི་ས་ཁམས་སློབ་ཚན་ལས། ད་དུང་སྐྱེ་དངོས་དང་དངོས་ཁམས་སོགས་རིག་ཚན་མང་པོར་འདུས་པར་མ་ཟད། སྣ་མང་ཅན་གྱི་རྟོག་བཟོའི་སློབ་ཁྲིད་རྣམ་པ་བཀོད་སྒྲིག་བྱས་ཡོད། སའི་གོ་ལའི་རིམ་འགྱུར་གྱི་ཆེད་དོན་སློབ་ཚན་དུ། དགེ་རྒན་ཅ་ལེང་ཁྲུན་གྱིས་སློབ་མ་ཚོར་ཡུལ་དུས་བརྒལ་ཏེ་ལོ་ངོ་དུང་ཕྱུར་མང་པོའི་སྔོན་གྱི་ས་གཤིས་འཕོ་འགྱུར་དང་སྲིན་འབྲུག་འགྱུར་རིམ། སྐམ་ས་ཆེན་མོའི་དུམ་ལེབ་འགུལ་སྐྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་བསྟན་ཡོད།
དགེ་རྒན་ཅ་ལེའང་ཁྲུན་གྱིསVRདངོས་སླེབས་མྱོང་རོལ་རྣམ་པའི་སློབ་ཁྲིད་བྱེད་སྟངས་ལག་ལེན་བསྟར་རྗེས། མཐོ་སྒང་རི་ཁུལ་ས་ཆར་ཡུལ་དངོས་ཀྱི་སློབ་ཁྲིད་གཞི་རྟེན་དཀོན་པའི་ཞན་ཆ་བསྐངས་ཡོད། སྔོན་ཆད་འགྲེལ་བཤད་བརྒྱབ་དཀའ་བའི་སྤྱི་མཚན་གྱི་རྩ་བའི་རིགས་པ་དེང་སང་སློབ་མ་ཚོསVRདངོས་སླེབས་མྱོང་རོལ་རྣམ་པའི་སློབ་ཁྲིད་བརྒྱུད་དེ་གོ་བདེ་བར་སོང་ཡོད་ཅེས་ངོ་སྤྲོད་བྱས།
གྲོང་ཁྱེར་དང་རྫོང་། གྲོང་སྡེ་བཅས་ཁ་ཐོར་དུ་གནས་ཡོད་པས། དངོས་ཁམས་དང་། རྫས་འགྱུར། སྐྱེ་དངོས། ས་ཁམས་བཅས་ཀྱི་རིག་ཚན་ཕྱི་རོལ་ཏུ་སོང་ནས་ཡུལ་དངོས་ཞིབ་འཇུག་སློབ་སྦྱོང་བྱེད་པ་དང་ཚོད་ལྟ་ཁང་དུ་ཡུལ་དངོས་འགྲེམ་སྟོན་གྱི་ཆ་རྐྱེན་ཞན་པས། སློབ་དེབ་ཀྱི་བར་བཅུག་རི་མོ་དང་ངག་ཐོག་ནས་འགྲེལ་བཤད་བརྒྱབ་པ་ཙམ་གྱིས་སློབ་མ་ཚོའི་འཚོལ་ཞིབ་འདོད་སྐོང་མི་ཐུབ་ཅིང་སློབ་གསོ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཆེད། ཕྱག་ཕྲེང་རྫོང་ཨུ་དང་སྲིད་གཞུང་གིས་སློབ་གསོའི་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་ཕྱག་ཕྲེང་རྫོང་མཐོ་རིམ་སློབ་འབྲིང་དུ་ཚད་ལྡན་ཅན་གྱིVRརིག་ནུས་སློབ་ཁང་བསྐྲུན་ཅིང་། བཏགས་བཟོས་སློབ་ཁྲིད་བསྒྲིགས་ཆས་ཆ་ཚང་སྒྲིག་སྦྱོར་བྱས། རིག་ཚན་ཚང་མ་འདུས་པའི་དྲྭ་ཐོག་སློབ་ཁྲིད་ཐོན་ཁུངས་མཛོད་བསྐྲུན་ཏེ། རྒྱུན་རྣམ་ཅན་གྱི་ཨང་ཀི་རྣམ་པའི་ཡུལ་དངོས་སློབ་ཁྲིད་བྱས་པ་རེད།
ཨང་ཀི་ཅན་གྱི་སློབ་ཁྲིད་གསར་བཅོས་ཀྱིས་སློབ་ཁྲིད་བྱེད་སྟངས་བསྐྱར་དུ་བཟོས་པར་མ་ཟད། སློབ་གྲྭའི་སྤྱི་ཡོངས་ཀྱི་སློབ་ཁྲིད་སྤུས་ཚད་མཐོར་འདེགས་རིམ་སྤོར་དེ་བས་བརྟན་པོའི་ངང་བསྐུལ་ཐུབ། VRརིག་ནུས་སློབ་ཁང་སྤྱོད་འགོ་བཙུགས་པ་ནས་བཟུང་སློབ་གྲྭའི་རིག་ཚན་ཁག་གི་སྦྱངས་འབྲས་ཚད་ལོན་ཚད་དང་། ལེགས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཞིང་། སློབ་མའི་རང་བརྟེན་འཚོལ་ཞིབ་དང་རང་རྟོགས་བསམ་གཞིག་གི་སློབ་སྦྱོང་སྤྲོ་སེམས་འཕེལ་བ་དང་། སྔོན་ཆད་དངོས་ཁམས་དང་རྫས་འགྱུར། སྐྱེ་དངོས་བཅས་ཀྱི་རིག་ཚན་ལ་སྦྱོང་འདོད་མེད་པའི་སློབ་མ་མི་ཉུང་བ་ཞིག་གི་སྦྱོང་འདོད་ཀུན་ནས་བསླངས་ཡོད།
ཕྱག་ཕྲེང་རྫོང་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་དབྱང་ཆང་གིས་ང་ཚོས་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བར་དམིགས་ཏེ། ཤུགས་ཡོད་རྒུསVRརིག་ནུས་སློབ་ཁྲིད་ཀྱི་ཆ་རྐྱེན་ལེགས་པོ་བསྐྲུན་ཏེ་ཨང་ཀི་ལག་རྩལ་ལ་བརྟེན་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཡོངས་སུ་ཁྱབ་པའི་ཐབས་ལམ་རྒྱ་བསྐྱེད་བཏང་སྟེ། མཐོ་སྒང་གི་སློབ་མ་ཚོས་སྒོ་ཁ་ནས་སློབ་ཁྲིད་སྤུས་ཚད་མཐོན་པོའི་ཞབས་ཞུ་ལོངས་སུ་སྤྱད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
རྗེས་མར། སློབ་གྲྭསVRསློབ་ཁྲིད་ཐོན་ཁུངས་མཛོད་རྒྱུན་མཐུད་ངང་བྱུར་བུ་གཏམས་པ་དང་། རིག་ནུས་སློབ་གྲྭའི་སྙི་ཆས་དང་སྲ་ཆས་ཆ་ཚང་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། ཤུགས་ཡོད་རྒུས་ཨང་ཀི་སློབ་གསོ་འཕེལ་རྒྱས་ཀྱི་ནུས་པ་བཏོན་ཏེ། སློབ་གསོ་ཨང་ཀི་ཅན་ལ་བརྟེན་ནས་ས་གནས་དེ་གའི་གཞོན་ནུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་ཡུལ་སྡེ་དར་རྒྱས་ཡོང་བར་རོགས་དན་བྱ་རྒྱུ་ཡིན་པ་རེད།།(སྐལ་བཟང་རྒྱ་མཚོས་བསྒྱུར། )
