( པར་ངོས་དང་པོར་མཐུད)
སྡེ་དབུས་གྲོང་རྡལ་ཨན་ཅ་དབན་གྲོང་ཚོ་ནི་ད་ཐེངས་དྲག་ཆར་གྱིས་གནོད་འཚེ་ཚབས་ཆེན་ཐེབས་པའི་གྲོང་ཚོའི་གྲས་ཤིག་ཡིན་ལ། འགྲོ་ལམ་ཆད་པ་དང་མི་སེར་སྡོད་ཁང་དང་རྨོ་ཞིང་ཁག་གཅིག་ལ་གནོད་འཚེ་ཐེབས་ཡོད་པ་རེད། གནོད་འཚེ་བྱུང་རྗེས་ཡུལ་སྡེ་དེས་མགྱོགས་མྱུར་མི་ལག་སྒྲིག་འཛུགས་བྱས་ནས་ཤུགས་ཡོད་རྒུས་ཉེན་སེལ་གནོད་སེལ་བྱས་པ་རེད། དབྱང་ཧུང་ཧྲོའུ་ཡིས་ཡུལ་དངོས་སུ་ཆུ་ལོག་གིས་དེད་པའི་འགྲོ་ལམ་དུ་རླངས་འཁོར་ཤར་གཏོང་དང་། འདམ་རྡོག་གཙང་སེལ་བྱེད་པ། མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་ཉེན་སེལ་རོགས་སྐྱོབ་སྟོབས་ཤུགས་དང་གཞི་རིམ་ལས་བྱེད་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།
ཨན་ཅ་དབན་ཏང་མི་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་གཅིག་སྡུད་གནས་སྐབས་བཀོད་སྒྲིག་ས་ཚུགས་སུ་དབྱང་ཧུང་ཧྲོའུ་ཡིས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། ཟ་མ་དང་ཞག་སྡོད་ཀྱི་ཆ་རྐྱེན་ལ་གཟིགས་ཞིབ་གནང་ཞིང་། གཞི་རྩའི་འཚོ་བའི་འགན་ལེན་དང་སྨན་བཅོས་རོགས་སྐྱོབ་སོགས་ཀྱི་གནས་ཚུལ་འདྲི་རྩད་ཞིབ་ཕྲ་གནང་བར་མ་ཟད། ཚང་མར་ཡིད་ཆེས་བརྟན་དུ་བཏང་ནས་ཏང་དང་སྲིད་གཞུང་གི་རོགས་རམ་འོག་དཀའ་ཁག་འདི་བརྒལ་ཐུབ་པ་བྱ་དགོས་པའི་སྐུལ་མ་གནང་། ཁོང་གིས་ནན་གསུང་གནང་དོན། ལྕགས་ཟམ་རྫོང་གི་ཏང་རྩ་འཛུགས་རིམ་པ་ཁག་གིས་རང་འགན་གཙང་སྒྲུབ་དང་། འགན་འཁྲི་འཁུར་ཕོད་པ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་འདོན་སྤེལ་བྱེད་ན་དང་། ཏང་མི་ལས་བྱེད་པ་དང་མང་ཚོགས་རྡོག་རྩ་གཅིག་སྒྲིལ་གྱིས་ལས་བྱེད་པ་དང་མང་ཚོགས་སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་ཆུ་ལོག་གནོད་འཚེ་འགོག་སེལ་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།
མིག་སྔར། གཅིག་གྱུར་གྱིས་དམ་འཛིན་ཕྱོགས་གཉིས་ནས་བྱ་དགོས་པ་སྟེ། ཕྱོགས་གཅིག་ཉེན་སེལ་བསྐྱར་གསོ་དམ་འཛིན་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་སྟོབས་ཤུགས་བཀོད་གཏོང་བྱེད་པ། གནོད་འཚེ་བྱུང་རྗེས་ཀྱི་འདམ་རྡོག་གཙང་སེལ་དང་། གད་སྙིགས་གཙང་འདྲེན། ཁོར་ཡུག་གཙང་སྦྲ་བཅས་མགྱོགས་སུ་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་སྒོ་ནས་བསྐྱར་གསོ་ཐུབ་པར་བྱ་དགོས། ཕྱོགས་གཅིག་ནས་ཉེན་མེད་འགོག་ཟོན་དམ་འཛིན་བྱས་ཏེ་ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་དཔག་ཉེན་བརྡ་གཏོང་བ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རེས་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བྱེད་པ་བཅས་བྱས་ནས་ལུང་ཤུར་དང་། མངོན་མེད་རྐྱེན་ངན་ཡོད་ས། ས་གས་རི་ཉིལ་ས་བཅས་ཀྱི་ཨར་ལས་བཅོས་སྐྱོང་ལས་ཀར་གོ་རིམ་ལྡན་པ་བསྐུལ་ཏེ་གནོད་འགོག་གནོད་བསྙུང་གི་འགོག་ཐིག་སྲ་བརྟན་བཟོ་དགོས།
ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཅིན་ཐེན་ཆང་དང་། ཁུལ་སྲིད་གཞུང་གི་དྲུང་ཆེ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་ལྕགས་ཟམ་རྫོང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་བཅས་རྟོག་ཞིབ་ནང་ཞུགས་ཡོད།།
(ལྷ་འཛོམས་དང་རྒྱ་མཚོས་བསྒྱུར།)
