国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འགྲུལ་བཞུད་ ལམ་ གྱི་ སྙན་ ངག།

སྐྱ་རེངས་བུ་མོའི་སྤྱན་ཟུང་མ་ཕྱེ་གོང་།།

སྐར་མའི་འདར་སྒྲས་འཇིག་རྟེན་སྒོ་མོ་སྐྱོམ།།

དུང་ཆུང་ཟླ་བ་ལྷ་མོའི་འཛུམ་འོག་ནས།།

མཚན་མོའི་མཛེས་སྡུག་ང་རང་ཁོ་ནས་རོལ།།

ཆར་ཞོད་སྙི་མོས་ས་གཞིའི་གནས་མལ་བརླན།།

ཁྲ་ཚོམ་ཆུན་པོའི་ཡང་བཅུད་དལ་གྱིས་སྨིན།།

ཟིལ་པས་བཏུམས་པའི་སྣ་མང་བདུད་རྩི་དེ།།

བུང་བ་གཞོན་ནུས་ཉམས་སུ་མྱོང་བར་མཐོང་།།

རྩྭ་ཐང་ཡངས་མོའི་སྟེང་གི་མཚར་སྣང་རེ།།

མིག་དབང་གསོ་བའི་སྒྱུ་རྩལ་རི་མོ་ཉིད།།

མཐོང་བའི་ལྟད་མོ་བརྗོད་དུ་མེད་པ་དག།

ཡུལ་གྱར་སེམས་ཀྱི་ཟད་མེད་བདེ་སྣང་ངོ་།།

དབྱར་ཟླས་ལྗང་ལོ་གྱོན་པའི་སྒེག་ཉམས་དེས།།

ཡིད་ཀྱི་སྡུག་ཡུས་མ་ལུས་གད་བདར་བྱས།།

བག་ཕེབས་སྣང་བས་བདེ་སྐྱིད་དཔལ་ཡོན་བསྩལ།།

གནམ་སའི་བར་གྱི་སྣོད་བཅུད་སྙིང་ལ་སྡུག།

གངས་ཀྱིས་བསྐོར་བའི་ནོར་འཛིན་སྤང་གཤོང་དུ།།

རྟ་ནོར་ལུག་གསུམ་ཁྲ་རྒྱན་གཟུགས་རིས་མཛེས།།

མཐིང་སྨུག་དུ་ཞག་ཅན་གྱི་ལྷས་འདབས་ནས།།

འབྲོག་མིའི་འཚོ་བས་ཡིད་ཀྱི་དབང་པོ་འཕྲོག།

བསིལ་རླུང་ཞི་འཇམ་ལྡིང་ནས་རྩྭ་རྩེར་རེག།

རྒྱང་མཐའི་སྤྲིན་པ་མི་སྡོད་ཡུལ་གཞན་འགྲིམས།།

ཉི་འོད་མི་བཞུགས་ནུབ་རིའི་ཕྱོགས་སུ་བསྐྱོད།།

ས་སྲོད་དྲན་པས་སྐྱོ་གཞས་རྒྱང་དུ་བླངས།།

ང་ནི་གནམ་མཐའི་བྱེའུ་ཕྲུག་རྩལ་མེད་ཡིན།།

མཁའ་ཡི་སྐྱིད་སྡུག་ལག་པས་ཟིན་ཡུལ་མིན།།

ལྷོད་བདེ་ཀློང་ནས་དབྱར་གྱི་པང་དུ་ལོག།

ཁ་རོག་བསྡད་དེ་མཐོང་ཐོས་མྱོང་གསུམ་བྲིས།།

མི་ཚོགས་མང་པོའི་དཀྱིལ་ནས་རང་རློམ་གྱིས།།

གོམ་འགྲོས་རླུང་ཁར་གཏད་ནས་ལམ་ལ་ཆས།།

སླར་ཡང་ཕྱིར་མིག་ཤོར་སའི་འབྲོག་ཐང་གན།།

ཚེ་རབས་ལས་སྐལ་མང་པོའི་ཕ་གཞིས་འདྲ།།

སྲོལ་རྒྱུན་རྨུ་ཐག་རིང་མོའི་རླབས་རྒྱུན་དེ།།

མ་འགག་ཁད་ཀྱིས་བཞུར་བའི་ཚུལ་དེ་བཟང་།།

བགྲེས་པོའི་སྤྱན་ཆབ་ལྷུང་བའི་ཤུལ་མཐོང་ན།།

མི་རིགས་ཤིག་གི་དར་རྒུད་ལོ་རྒྱུས་དྲན།།

ངོ་མཚར་འོད་སྟོང་འཛུམ་པའི་ས་ཆ་རེ།།

རྐང་རྗེས་བཞག་པས་བློ་ཡང་བདེ་པོ་བྱུང་།།

འགྲུལ་བཞུད་ལམ་གྱི་སྙན་ངག་དོན་སྟོང་མ།།

རེ་ཞིག་བྲི་བའི་ངལ་བ་གཡོལ་ཐབས་འཐེན།།

དྲི་མེད་དྭངས་གཙང་ནམ་མཁའ་བདེ་མོ་བྱོས།།

མཚར་སྡུག་གངས་དཀར་ལྷུན་པོ་བདེ་མོ་བྱོས།།

མཐའ་མེད་ནེའུ་གསིང་སྨན་ལྗོངས་བདེ་མོ་བྱོས།།

རྒྱང་བཞུད་ཚོར་བས་སླར་ཡང་བསྐོར་ནས་ཡོང་།།

༼ གངས་ཆབ་ལྷ་སྲས། ༽