ལམ་
ཕྲན།
གསུམ་ལྡན་བླ་མ་བསྟེན་བཞིན་བསྟེན་བཞིན་ཡོང་།།
དམ་ཆོས་འོ་ཞོ་འཐུང་བཞིན་འཐུང་བཞིན་ཡོང་།།
ཆོས་མཐུན་སྤུན་དང་འདྲིས་བཞིན་འདྲིས་བཞིན་ཡོང་།།
ལོ་ཟླའི་སྐས་ཐེམ་བགྲོད་བཞིན་བགྲོད་བཞིན་ཡོང་།།
དཀར་ནག་རྒྱུ་འབྲས་བསམ་བཞིན་བསམ་བཞིན་ཡོང་།།
འཇིག་རྟེན་འཁོར་བ་གླེང་བཞིན་གླེང་བཞིན་ཡོང་།།
རས་གཟན་ཕྲག་ཏུ་གཟར་བཞིན་གཟར་བཞིན་ཡོང་།།
ཕལ་བའི་འཚོ་བ་རོལ་བཞིན་རོལ་བཞིན་ཡོང་།།
དྲིན་ཆེན་ཕ་མ་དྲན་བཞིན་དྲན་བཞིན་ཡོང་།།
མི་ཚེའི་རྐང་ལམ་འདེད་བཞིན་འདེད་བཞིན་ཡོང་།།
མདུན་ལམ་ཀྱག་ཀྱོག་བརྗེ་བཞིན་བརྗེ་བཞིན་ཡོང་།།
གདམ་ཀའི་རི་མོ་སུབ་བཞིན་སུབ་བཞིན་ཡོང་།།
སྐྱིད་སྡུག་གླུ་རུ་ལེན་བཞིན་ལེན་བཞིན་ཡོང་།།
བཟང་ངན་མི་དང་འཕྲད་བཞིན་འཕྲད་བཞིན་ཡོང་།།
ཚོར་བའི་བཟི་ཆང་རྔུབ་བཞིན་རྔུབ་བཞིན་ཡོང་།།
ཚིག་གི་རྒུམ་འབུ་འཐུ་བཞིན་འཐུ་བཞིན་ཡོང་།།
ལང་ཚོའི་མེ་ཏོག་རྙིད་བཞིན་རྙིད་བཞིན་ཡོང་།།
ལས་ཀྱི་ཉི་མ་འདེ་བཞིན་འདེ་བཞིན་ཡོང་།།
ཚེ་ཡི་སྒོ་དར་སྲུང་བཞིན་སྲུང་བཞིན་ཡོང་།།
འདས་དོན་ཕྱི་མིག་འཕྲེང་བཞིན་འཕྲེང་བཞིན་ཡོང་།།
ཨ་གསར་གཤིས་ཀ་སྤོང་བཞིན་སྤོང་བཞིན་ཡོང་།།
རེ་དོགས་མིག་ཆུ་བཞུར་བཞིན་བཞུར་བཞིན་ཡོང་།།
ནང་སེམས་དབྱངས་ལ་འདེགས་བཞིན་འདེགས་བཞིན་ཡོང་།།
སྟོང་བསམ་རྨི་ལམ་རྨི་བཞིན་རྨི་བཞིན་ཡོང་།།
མི་འདོད་ནད་ཀྱིས་མནར་བཞིན་མནར་བཞིན་ཡོང་།།
མི་བཟོད་གདུང་བས་མནན་བཞིན་མནན་བཞིན་ཡོང་།།
མི་སྡུག་གཟུགས་ཀྱིས་སླུ་བཞིན་སླུ་བཞིན་ཡོང་།།
མི་སེམས་འཇའ་ཚོན་འདེད་བཞིན་འདེད་བཞིན་ཡོང་།།
སྐྱེ་འཆིའི་ཟློས་གར་འཁྲབ་བཞིན་འཁྲབ་བཞིན་ཡོང་།།
འདུ་བྲལ་ཞེ་ལ་ལྷུང་བཞིན་ལྷུང་བཞིན་ཡོང་།།
མི་ཚེའི་གླེགས་བམ་ཀློག་བཞིན་ཀློག་བཞིན་ཡོང་།།
བྱིས་པའི་རྩེད་ར་བརྗེད་བཞིན་བརྗེད་བཞིན་ཡོང་།།
རྟོག་ངན་ན་བུན་འཁྲིག་བཞིན་འཁྲིག་བཞིན་ཡོང་།།
སྡིག་པའི་ཁྲེས་པོ་འཁུར་བཞིན་འཁུར་བཞིན་ཡོང་།།
རྒྱུས་མེད་ས་མཐའ་སྐོར་བཞིན་སྐོར་བཞིན་ཡོང་།།
བརྩེ་བའི་མི་དང་འགྲོག་བཞིན་འགྲོག་བཞིན་ཡོང་།།
སྙན་ངག་ཟས་སུ་སྒོམ་བཞིན་སྒོམ་བཞིན་ཡོང་།།
འཆར་ཡན་རོལ་རྩེད་ངོམ་བཞིན་ངོམ་བཞིན་ཡོང་།།
རྒྱལ་ཕམ་མི་ཚེ་དྲན་བཞིན་དྲན་བཞིན་ཡོང་།།
ཡོད་ཚད་འགྱུར་བ་རྟོགས་བཞིན་རྟོགས་བཞིན་ཡོང་།།
༼ འོད་འཛིན་མ། ༽
