国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྣང་

བའི་

གཟིགས་

མོ།

མཚར་སྡུག་མེ་ཏོག་སྟོང་གི་གཡས་ཟུར་ནས།།

འཇམ་མཉེན་ཕྱག་སོར་དབུས་ཀྱི་རྒྱུད་མངས་ཀྱིས།།

བདག་སེམས་དབང་མེད་འཕྲོག་པའི་ལས་སྐལ་དེ།།

ཅིས་ཀྱང་བཤད་ན་བརྗེད་ཐབས་མེད་པ་འདྲ།།

སྟོད་ཀྱི་གངས་རི་དཀར་པོའི་ཉེ་ས་ཡི།།

སྔོ་ལྗང་ཐགས་སུ་བཀྲ་བའི་སྤང་གི་འགྲམ།།

འཇའ་ཚོན་མིག་ལ་རྒྱུ་བའི་ཕྱི་དྲོ་དེར།།

སྣང་བའི་ཁེར་གཞས་སུ་ཡི་སྙན་དུ་འབུལ།།

ངས་ནི་འཁོར་བའི་རྨི་ལམ་རྨིས་རྨིས་ནས།།

ཡིད་ལ་དགའ་སྐྱོ་ཟུང་གི་ཚོར་བ་འཁོར།།

གང་ཡང་ངེས་པ་མེད་པའི་སྲིད་པའི་གྲོང་།།

བདག་ནི་ལན་ཅིག་ཕེབས་པའི་མགྲོན་པོ་ཡིན།།

ཨ་ཅག་གཤིས་རྒྱུད་འཇམ་པའི་མིག་ཡག་མ།།

འཁོར་བའི་རྨི་ལམ་གྲོང་གི་རོགས་ཡ་ཡིན།།

གལ་ཏེ་ནམ་མཁའི་ལྷ་མོས་བཀའ་གནང་ན།།

ངས་ནི་ཡོད་ཚད་ཁྱོད་ལ་འབུལ་སྙིང་འདོད།།

ངག་སྙན་ཅོ་ཀའི་སྒྲ་དབྱངས་དངོས་མ་ཞིག །

འཁྱོང་བའི་གོ་སྐབས་ལར་ནས་དབེན་ན་ཡང་།།

རང་རང་འཚམ་པའི་འབད་འབྲས་དེ་འདྲ་ཞིག །

ཐོབ་པ་རྒྱུ་འབྲས་བསླུ་བ་མེད་པས་སོ།།

འཛུམ་དཀར་མེ་ཏོག་མཐོང་ན་རང་དབང་མེད།།

སྤྲོ་བའི་ཞིང་དུ་འདྲེན་ན་ཐམས་ཅད་འབོར།།

ཅུང་ཙམ་བཀྱེད་ཀྱང་སེམས་ནས་མི་བཟོད་པ།།

འཁོར་བའི་འཕྲང་གི་འགག་ལམ་དོག་མོ་ཞིག །

༼ ཁམས་ཟླ་སྲས། ༽