国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཡོངས་ཀྱི་དབྱར་འབྲུ་ཐོན་ཚད་རྒྱ་མ་དུང་ཕྱུར3000ལས་ཐོག་མར་བརྒལ།

11749_04B_20260722ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བས་ཞིང་ལས་འཕྲུལ་ཆས་བསྐོར་ནས་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ཞ་དབྱི་རྫོང་ཧུའུ་ཐིང་གྲོང་རྡལ་གྱི་སོན་བཟང་གསོ་སྤེལ་རྟེན་གཞིར་གྲོ་བརྔ་བསྡུ་བྱེད་བཞིན་པ།

ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བསྒྲགས་པའི་དན་གྲངས་ལས་མངོན་པར་གཞིགས་ན། 2026ལོའི་རྒྱལ་ཡོངས་ཀྱི་དབྱར་འབྲུ་ཐོན་ཚད་རྒྱ་མ་དུང་ཕྱུར3014.9ལ་ཟིན་ཏེ་རྒྱ་མ་དུང་ཕྱུར3000ལས་ཐོག་མར་བརྒལ་ཏེ། ན་ལོའི་དུས་མཉམ་ལས་རྒྱ་མ་དུང་ཕྱུར20དང་བརྒྱ་ཆ0.7འཕར་ཡོད།

རིགས་བགོས་ནས་བལྟས་ན། གྲོ་ཡི་ཐོན་ཚད་རྒྱ་མ་དུང་ཕྱུར2779.0ལ་ཟིན་ཏེ་རྒྱ་མ་དུང་ཕྱུར15.7དང་བརྒྱ་ཆ0.6འཕར་ཡོད། དེའི་ནང་དགུན་གྲོ་ཐོན་ཚད་རྒྱ་མ་དུང་ཕྱུར2730.7ལ་ཟིན་པ་དང་། རྒྱ་མ་དུང་ཕྱུར21.7དང་བརྒྱ་ཆ0.8འཕར་ཡོད། ས་ཁུལ་ཕྱེ་ནས་བལྟས་ན། དབྱར་འབྲུ་ཐོན་ཁུལ25ཡི་ཁྲོད་ཐོན་འབབ22བྱུང་ཡོད། དབྱར་འབྲུ་མུའུ་རེའི་ཐོན་ཚད་བརྟན་པོར་འཕར་ཡོད། 2026ལོར་རྒྱལ་ཡོངས་ཀྱི་དབྱར་འབྲུ་ཡི་མུའུ་རེའི་ཐོན་ཚད་སྤྱི་རྒྱ378.8ལ་ཟིན་པ་དང་། ན་ལོའི་དུས་མཉམ་ལས་སྤྱི་རྒྱ3.2དང་བརྒྱ་ཆ0.8འཕར་ཡོད།

ན་ནིང་རྨ་ཆུ་དང་ཧོའེ་ཆུ། ཧའེ་ཆུ་སོགས་ས་ཁུལ་ལ་ཉིན་མང་པོའི་རིང་ཆར་པ་བསྟུད་མར་བབས་པས་དགུན་གྲོ་ཕྱི་འདེབས་བྱ་དགོས་བྱུང་མོད། དགུན་གཞུང་དུ་བསླེབ་པ་ན་གྲོ་ཐོན་ཁུལ་གཙོ་བོའི་གནམ་གཤིས་ཆ་རྐྱེན་སྤྱིའི་ཆ་ནས་ལེགས་པོ་འབྱུང་བ་དང་། གནམ་གཤིས་དྲོ་ཞིང་ཆར་ཆུ་འབེལ་བས་གཞི་ཁྱོན་ཆེ་བའི་དཔྱིད་ཐན་དང་དཔྱིད་གྲང་སོགས་ཀྱི་གནོད་འཚེ་བྱུང་མེད། ས་གནས་ཁག་གི་ནད་འབུའི་གནོད་འཚེ་བཀག་སྡོམ་བྱེད་ཐབས་དོན་ལ་འཁྱོལ་ཏེ། ནད་འབུའི་གནོད་འཚེ་ཅུང་ཆུང་བས། གྲོ་སྐྱེ་བ་དང་ཐོན་ཚད་གྲུབ་པར་ཕན་པ་ཐོབ་ཡོད་ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུས་གྲོང་སྡེ་སིའི་སི་ཀྲང་ཝེ་ཧྥེང་ཧྭ་ཡིས་དེ་ལྟར་བཤད་པ་རེད།

ཝེ་ཧྥེང་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དགུན་གྲོ་གཞི་ཁྱོན་ཆེ་བའི་ཕྱི་འདེབས་ལ་ཁ་གཏད་གཅོག་ཆེད། ས་གནས་ཁག་གི་འདེབས་ཚད་རྒྱ་ཁྱབ་ངང་མང་དུ་བཏང་བ་དང་། འདེབས་འཛུགས་སྤུས་ཚད་མཐོར་འདེགས་ནས་ས་བོན་གཞི་རྩའི་ཆ་ནས་འདང་ངེས་ཡོང་བར་འགན་ལེན་བྱས་པ་རེད། སྤྱི་ཟླ5པའི་ཟླ་མཇུག་དང་སྤྱི་ཟླ6པའི་ཟླ་སྟོད་བར་ལྷོ་བྱང་གི་ས་ཁུལ་མང་པོར་ཆར་པ་བབས་པ་དང་། ཁ་ཤས་སུ་གྲོ་ཉལ་བའི་གནས་ཚུལ་བྱུང་བས། ས་གནས་ཁག་གིས་ལོ་ཏོག་མྱུར་བསྡུ་གྱོང་གསབ་བྱེད་ཐབས་སྤྱད་དེ་ཤུགས་ཡོད་རྒུས་གནོད་ཐེབས་ཤུགས་རྐྱེན་ཆུང་དུ་བཏང་ཡོད། ལྷོ་ཕྱོགས་ས་ཁུལ་གྱིས་ཆར་པ་མ་འབབ་པའི་སྔོན་དུ་ལོ་ཏོག་བསྡུས་ནས་དབྱར་འབྲུ་ལོ་ལེགས་ཡོང་བར་འགན་ལེན་བྱས་པ་རེད། བྱང་ཕྱོགས་གྲོ་འདེབས་ཁུལ་དུ་སྙེ་མ་མིག་བླུག་དུས་སུ་སླེབས་ཡོད་པས། དུས་ཐོག་ཏུ་ཆར་པ་བབས་པ་དེ་ཞིང་ས་ལ་ཆར་ཆུ་འདང་བ་དང་མུའུ་རེའི་ཐོན་ཚད་མཐོ་རུ་ཕྱིན་ཏེ་སྐམ་ཞིང་གི་གྲོ་ཡི་ཐོན་ཚད་མངོན་གསལ་དོད་པོས་འཕར་བ་རེད།

ས་ཁུལ་ཁག་དང་སྡེ་ཁག་གིས་རྨ་ཆུ་དང་ཧོའེ་ཆུ། ཧའེ་ཆུ་སོགས་ས་ཁུལ་གྱི་དགུན་གྲོ་གཞི་ཁྱོན་ཆེན་པོས་ཕྱི་འདེབས་བྱེད་པ་དང་ས་ཁུལ་ཁག་གཅིག་ཏུ་ཆར་ཆུ་དྲག་པོ་བབས་པ་སོགས་ཀྱི་མི་ལེགས་པའི་རྒྱུ་རྐྱེན་ཤུགས་རྐྱེན་ཐེབས་པས། རྒྱལ་ཡོངས་ཀྱི་དབྱར་འབྲུ་ལོ་ལེགས་བྱུང་ནས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་ཝེ་ཧྥུང་ཧྭ་ཡིས་དེ་ལྟར་བཤད་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)