国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བཞག་མོ་གངས་འདབས་ནས་ཆས་པའི་རིག་པ་སྨྲ་བ།

བོད་རིག་པའི་ཞིབ་འཇུག་ཆེད་མཁས་པ་མི་ཉག་ཐུབ་བསྟན་ཆོས་དར་ལགས་ཀྱི་མཛད་འཕྲིན་ཉུང་བསྡུས་སུ་བརྗོད་པ།

ཨོ་རྒྱན་དོན་གྲུབ།

ཤར་ཕྱོགས་གངས་གྱི་ལྷུན་པོ་ཞེས་གྲགས་བཞག་བྲ་ལྷ་རྩེ་རྒྱང་གྲགས་ཅན།།

མི་ཉག་རྡོ་ར་དཀར་མོ་ཞེས་བྱ་གནས་ཀྱི་ཡོནཏན་ཁྱད་འཕགས་ཅན།།

དེ་འདྲའི་ཉམས་དགའ་ས་ཡི་ཁྱོན་དུ་རིག་པའི་བུ་ཡི་ལས་ཐོབ་བླངས།།

ཀ་ཁའི་སྦྱོར་ཀློག་ཆུང་ནས་སྦྱངས་ཤིང་མི་ཚེའི་མདུན་ལམ་དཀར་པོར་འཇུག།

བོད་རིག་པའི་ཆེད་མཁས་པ་དང་ཞིབ་འཇུག་པ་སྐུ་ཞབས་མི་ཉག་ཐུབ་བསྟན་ཆོས་དར་ལགས་ནི། བོད་རབ་བྱུང་བཅུ་དྲུག་པ་ལྕགས་བྱི་སྟེ་སྤྱི་ལོ1960ལོར། ཤར་མི་ཉག་ར་བ་སྒང་གི་ས་ཡི་ཡང་སྙིང་གནས་ཆེན་དཔལ་ཡུལ་ལྷ་སྒང་གི་ཆར་གཏོགས། ཤར་སྟོད་གངས་ཀྱི་ལྷུན་པོ་ཞེས་གྲགས་པ་འབར་བའི་བཞག་བྲ་ལྷ་རྩེའི་གཡོན་ཕྱོགས། བཞག་མོ་དུང་གི་ལ་ཐོད་ཅན་ཞེས་པའི་གངས་རི་ཉམས་དགའ་བའི་འདབས་རོལ། མི་ཉག་རྡོ་ར་དཀར་མོ་ཞེས་གནས་ཀྱི་ཡོན་ཏན་ཀུན་ནས་ཚང་བའི་ཞིང་མཆོག། དེང་གི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་གྱི་མངའ་ཁོངས། ནགས་ལུང་མ་ཞེས་པའི་འབྲོག་སྡེ་འཕེལ་དར་ཕྱུག་གསུམ་འཛོམས་པ། རྩྭ་ར་སྦྲ་ནག་ཚང་ཞེས་པའི་ཁྱིམ་རྒྱུད་དུ་ཕ་ལྷུན་གྲུབ་རྡོ་རྗེ་དང་མ་ཤེས་རབ་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས། མིང་སྲིང་བརྒྱད་ཡོད་པ་ལས་ཁོང་ནི་ལྔ་པ་ཡིན་ནོ།།

མེ་ལུག་སྟེ་སྤྱི་ལོ1967ལོར། ཁོང་རང་ལོ་བདུན་ལ་སླེབས་སྐབས་བླ་མ་ཀུན་བཟང་མཆོག་དང་། ཞང་པོ་བཀྲ་ཤིས་དོན་གྲུབ་རྣམ་གཉིས་ཀྱི་སྐུ་མདུན་ནས་དབྱངས་གསལ་སོ་བཞིའི་སྦྱོར་ཀློག་དང་བྲིས་དཀར་ནག་སྦྱངས་པའི་མགོ་བརྩམས་ནས་བོད་ཡིག་གི་རྨང་གཞི་བརྟན་པོར་བཞག། དུས་འགྱུར་སོགས་ཀྱི་སྐབས་སུ་སློབ་གྲྭར་ཞུགས་མ་ཐུབ། ལོ་བཅུ་གསུམ་ནས་བཅོ་བརྒྱད་ཀྱི་བར་དུ་མཉམ་ལས་ཁང་དུ་ལས་ཀར་ཞུགས་ནས་ནོར་ལུག་སོགས་ཀྱི་རྫི་བོ་བྱས། མེ་སྦྲུལ་སྟེ་སྤྱི་ལོ1977ལོར། ནགས་ལུང་མ་རྡོ་ར་དཀར་མོ་སྡེ་བའི་རྐང་རྗེན་སྨན་པར་བསྐོས། ནགས་ལུང་ཡུལ་ཤོག་གི་བོད་སྨན་ཁང་དུ་མདོ་ཟླ་གསལ་དབང་མོའི་སྐུ་མདུན་ནས་འཇུ་མི་ཕམ་ཀྱི་རྩ་ཆུའི་འགྲེལ་པ་དང་། ཀོང་སྤྲུལ་ཟིན་ཏིག་སོགས་དང་། ལག་ལེན་དམར་ཁྲིད་སོགས་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་བྱེད་སྟངས་དང་སྨན་རྩྭ་ངོས་འཛིན་བྱེད་སྟངས་སོགས་རིགས་གཞུང་དང་ལག་ལེན་གཉིས་ཀྱི་ཆ་ལ་སྦྱངས་པ་བྱེད་པའི་སྐལ་བ་བཟང་པོ་ཤར། ས་ལུག་སྟེ་སྤྱི་ལོ1979ལོར། སྲིད་བཟང་ཉི་མའི་འོད་ཟེར་རྒྱལ་ཡོངས་ས་ཆེན་འཛིན་མའི་ཕང་བར་འཕྲོས་པ་བསྟུན་ནས་མདོ་ཟླ་གསལ་དབང་མོ་ཁོང་སྡེ་དགེ་པར་ཁང་ཆེན་མོ་སྒོ་འབྱེད་པར་དང་ཕྱག་ལས་གནང་བར་ཕེབས་ནས་ཕྱིར་རང་སྡེར་ལོག་ནས་བོད་སྨན་པའི་མཛད་པ་སྐྱོང་སྐབས། དེར་སྡེ་བའི་སྨན་པ་བྱས་ནས་ལོ་གསུམ་གྱི་རིང་ལ་འདོད་ནད་ཀྱིས་མནར་བའི་ཉམ་ཐག་འགྲོ་བའི་ནད་པ་མང་པོར་ལྷག་བསམ་དཀར་པོས་འཚོ་བྱེད་སྨན་གྱི་བདུད་རྩི་སྟོབ་བཞིན་གཞན་ཕན་གྱི་ལས་ལ་སྒོ་ཀུན་ནས་འབད་པ་བྱས་སོ།།

མཆོག་གི་སྤྲུལ་སྐུ་གཟན་དཀར་པ་དང་མི་རྗེ་བཀྲ་ཤིས་ཚེ་རིང་མཆོག།

བླ་དཔོན་ཉི་ཟླའི་ཐུགས་བསྐྱེད་ཀློང་ནས་བོད་ཡིག་སློབ་གྲྭའི་བཙན་མཁར་བཞེངས།།

མཁས་མང་གསེར་རི་ཕྲེང་བའི་དྲུང་དུ་ཐོས་པ་བཙལ་བའི་དུས་བཟང་གི།།

སྐལ་བཟང་ཉིན་བྱེད་འོད་མདངས་དྲོན་མོ་བུ་ཆུང་ཁོང་གི་མདུན་ལ་ཤར།།

མཆོག་སྤྲུལ་གཟན་དཀར་ཐུབ་བསྟན་ཉི་མ་རིན་པོ་ཆེ་དང་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་མི་རྗེ་འབའ་པ་བཀྲ་ཤིས་ཚེ་རིང་བླ་དཔོན་ཉི་ཟླ་ཟུང་གི་ཐུགས་བསྐྱེད་དུས་སུ་སྨིན་ནས་བོད་རབ་བྱུང16པའི་ལྕགས་བྱ་སྟེ། སྤྱི་ལོ1981ལོའི་ཟླ་བ8པའི་ཚེས30ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཞེས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་སླད་དུ་བཞེངས་པའི་འབྲིང་རིམ་ཆེད་གཉེར་སློབ་གྲྭ་འདི་ཉིད་དབུ་བརྙེས། ཁོང་ཉིད་སྤྱི་ལོ1982ལོར་རྒྱུགས་ལ་ཞུགས་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དངོས་ཞུགས་སློབ་མར་གྱུར་ཏེ་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་མཐའ་དག་ལ་སློབ་སྦྱོང་གི་སྐལ་བ་བཟང་པོ་ཀུན་ནས་ཤར། སློབ་གྲྭ་དེ་ནས་ཨ་རིག་རྫ་མཁན་ཆེན་པདྨ་ཚེ་དབང་ལྷན་གྲུབ་མཆོག་གི་སྐུ་མདུན་ནས་མངོན་པ་མཛོད། ཕར་ཕྱིན་མངོན་རྟོགས་རྒྱན། དབུ་མ་འཇུག་པ། སྤྱོད་འཇུག། མི་ཕམ་མཁས་འཇུག་སོགས་ནང་དོན་རིག་པའི་སྐོར་དང་། རྭ་སྐོར་མཁན་ཆེན་ཐུབ་བསྟན་ནོར་བུའི་མདུན་ནས། ཚད་མ་རིགས་གཏེར་སོགས་ཚད་མའི་སྐོར་དང་། བྲག་མགོ་དགེ་བཤེས་བློ་བཟང་དོན་གྲུབ་ཀྱི་མདུན་ནས། བློ་རིགས། རྟགས་རིགས་སོགས་བསྡུས་གྲྭའི་སྐོར་དང་། ལྷ་རྗེ་སྐུ་ནུབ་འོད་ཟེར་རྡོ་རྗེའི་མདུན་ནས། གསོ་རིག་རྒྱུད་བཞི་སོགས་གསོ་རིག་གི་སྐོར་དང་། རྫོགས་ཆེན་ཐུབ་དབང་མཆོག་གི་མདུན་ནས། ལྔ་བསྡུས། གཟའ་ལྔ་སོགས་རྩིས་རིག་གི་སྐོར་དང་། དཔལ་སྤུངས་མཁན་པོ་དེའུ་ཆུང་བློ་ཆོས་ཀྱི་མདུན་ནས་སྙན་ངག་མེ་ལོང་མ་དང་ཀརྨ་སྨོན་ལམ་འོད་ཟེར་གྱི་སུམ་རྟགས་འགྲེལ་པ་སོགས་བརྡ་སྤྲོད་ཀྱི་སྐོར་དང་། མི་ཉག་མཁན་པོ་ཚེ་རིང་ཉི་མའི་མདུན་ནས་རྒྱལ་རབས་གསལ་བའི་མེ་ལོང་སོགས་ལོ་རྒྱུས་ཀྱི་སྐོར་དང་། རྫ་ཆུ་ཁ་པ་དགེ་མང་མཁན་པོ་དབང་བློའི་མདུན་ནས་ཡོན་ཏན་མཛོད་ཀྱི་འགྲེལ་པ་སོགས་གསང་སྔགས་ཀྱི་སྐོར་དང་། རྒན་བསོད་ནམས་རྒྱ་མཚོ་དང་། རྒན་གྲགས་པའི་མདུན་ནས་དབུ་ཅན་དང་དབུ་མེད་ཀྱི་བྲིས་སོགས་ཤེས་རབ་ཀྱི་བདུད་རྩི་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་ཐོབ། བླ་མ་གཟན་དཀར་ཐུབ་བསྟན་ཉི་མ་དང་། དེལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ། རྨུ་སངས་སྤྲུལ་སྐུ་ཀུན་བཟང་རང་གྲོལ། འཇམ་མགོན་ཀོང་སྤྲུལ། དཔལ་ཡུལ་གྲུབ་དབང་ནོར་བུ་སོགས་ཀྱི་མདུན་ནས། དབང་ལུང་དང་ཆོས་འབྲེལ་མང་དུ་ཐོབ་པ་སོགས་ཀྱི་ཐུགས་རྗེ་བྱུང་བས། ཁོང་གིས་རིན་ཆེན་གསེར་ལས་དཀོན་པའི་དུས་ཚོད་བཟང་པོ་དེ་འདྲ་ཆུད་ཟོས་སུ་མ་བཏང་བར་བགྲང་བྱ་ལོ་ལྔའི་རིང་ལ་བརྩོན་པ་ཆུ་བོ་རྒྱུན་བཞིན་བསྟེན་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཡི་རྨང་གཞི་བརྟན་པོ་རྒྱུད་ལ་ཆགས། སྤྱི་ལོ1986ལོར་སློབ་མཐར་ཕྱིན་ནས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ལས་ཀར་ཞུགས། ལས་ཁུངས་དེ་ནས་བྱ་བའི་ཞོར་དུ་བོད་ཀྱི་གནའ་དེང་གི་རིག་གནས་ཀུན་ལ་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་པར་མ་ཟད། སྤྱི་ལོ1987ལོ་ནས་སྤྱི་ལོ1989ལོ་སྟེ་མི་ལོ་གསུམ་ལ་ཉེ་བའི་རིང་ལ་ཞཱན་ཡང་མི་རིགས་སློབ་གླིང་དུ་རྒྱ་ཡིག་ཟབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ། ལས་ཀའི་ཞོར་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ལོ་གསུམ་གྱི་རིང་ལ་ཞིབ་འཇུག་སློབ་མའི་སྦྱང་བྱ་ཁག་ལ་འབད་པ་བྱས་པས་བདེ་བླག་ངང་སློབ་ཐོན་བྱུང་། ད་དུང་རྒྱལ་ནང་གི་བོད་རིག་པའི་ཆེད་ལས་དང་འབྲེལ་ཡོད་ཀྱི་ཟབ་སྦྱོང་སོགས་སུ་ཐེངས་མང་པོར་ཞུགས་སོ།། ( པར་ངོས་བཞི་པར་གཟིགས།)