ཀྲའོ་གྲོང་རྡལ།
སི་ཁྲོན་མེ་ཏོག་གླིང་རའི་ཆུ་གྲོང་སྟེ་ཅིན་ཐང་རྫོང་གྲོང་ཁུལ་གྱི་ཀྲའོ་གྲོང་རྡལ་ནི་ལེ་དབར་ཁྲིར་བཞུར་བའི་ཐའོ་ཅང་གཙང་པོའི་འགོ་ཁུངས་ཀྱི་གྲོང་ཆེན་ཐོག་མ་དེ་ཡིན། དེའི་ལོ་རྒྱུས་ཀྱི་ཁུངས་འཚོལ་བ་ཡིན་ན། ཆུ་གྲོང་ཀྲའོ་གྲོང་རྡལ་བཙུགས་པ་ནས་བཟུང་། ཆུ་དང་འབྲལ་ཐབས་མེད་པའི་ལས་འབྲེལ་ཞིག་ཆགས་ཡོད་པ་རེད།《སི་ཁྲོན་གོང་མའི་མཛད་རབས》ལས་འཁོད་པ་ལྟར་ན། པིའེ་ལིན་ནི་ཝང་རྒྱལ་པོའི་ནང་བློན་ཡིན་ཞིང་། ཁྲུན་ཆིའུ་དུས་རབས་སུ། མང་ཚོགས་ཁྲིད་དེ་རི་བོ་ཅིན་ཐང་གི་འགག་མདོ་ཕུག་སྟེ་ཆུའི་འཇིགས་པ་བསལ་བ་དང་མཉམ་དུ་ཆུ་བེད་ལ་ཕན་པའི་རྐྱེན་གྱིས་མི་སེར་ཚོས་དགའ་ཞིང་བརྩི། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་པིའེ་ལིན་གྱི་ཆུ་བཅོས་པའི་སྐོར་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཡོད་པས་པིའེ་ལིན་ལྷ་ཡི་གཟུགས་སུ་བསྒྱུར་ཡོད། ལོ་རྒྱུས་ཀྱི་དཔྱད་སྒྲུབ་ལྟར་ན། པིའེ་ལིན་ཞེས་པའི་མི་དངོས་སུ་ཡོད་པ་སྟེ། ཁྲུན་ཆིའུ་དུས་རབས་སུ་པིའེ་རྒྱལ་ཁབ་ཀྱི་རྒྱལ་པོ་ཡིན་པ་རེད། དེས་ན་གལ་ཏེ་པིའེ་ལིན་གྱིས་རི་འགག་ཕུག་ནས་ཆུ་འཇིགས་མ་བསལ་ན། སི་ཁྲོན་གྱི་འབྲུ་མཛོད་ཡོད་མི་སྲིད་ལ། འདོད་ཡོན་ལོངས་སྤྱོད་འཛོམས་པའི་ཅིན་ཐང་ས་ཆ་མཛེས་པོ་དེ་བས་ཀྱང་ཡོད་མི་སྲིད་དོ།།དེ་མིན《ཧན་ཕྱི་མའི་དེབ་ཐེར》ལས་འཁོད་པ་ལྟར་ན། ཧན་རྒྱལ་རབས་ཀྱི་སྐབས་སུ། ཀྲའོ་གྲོང་རྡལ་དང་ཉེ་བའི་གཙང་པོ་ཐའོ་ཅང་དུ་བྱེ་གསེར་འབེལ་བའི་དབང་གིས་ཅིན་རྒྱལ་རབས་དབྱི་ཞི་ལོ་དགུ་པར(སྤྱི་ལོ413ལོ)ཅིན་ཡོན་ཧྲོའུ་བཙུགས་པ་དང་། ཝེ་ནུབ་མའི་དུས་སུ་ཅིན་ཡོན་ཅུན་དང་ཅིན་ཡོན་རྫོང་བཙུགས་ཡོད། ཐང་རྒྱལ་རབས་ཀྱི་འགོ་མར་ཡིག་འབྲུ་ཡོན་ཞེས་པ་གོང་མ་ལི་ཡོན་གྱི་མཚན་དང་མཚུངས་དགྲ་རུ་སོང་བས་ཅིན་ཧྲུའེ་རྫོང་དུ་བཅོས། ཞན་ཧིན་ལོ་གཉིས་པར(སྤྱི་ལོ671ལོ)ཅིན་ཐང་རྫོང་བཙུགས་པ་རེད།མིང་རྒྱལ་རབས་ཀྱི་མཇུག་དང་ཆིང་རྒྱལ་རབས་ཀྱི་འགོ་མར། སི་ཁྲོན་དུ་ལོ30ལྷག་གི་དམག་འཁྲུག་མྱོང་བར་བརྟེན། ས་ཞིང་ཐང་རྒོད་དུ་གྱུར་པ་དང་ཡུལ་ལུང་ཀུན་ཏུ་སྐྱོ་སྡུག་གིས་ཡོངས་སུ་ཁེངས་ཤིང་། མི་གྲངས་འབོར་ཆེན་བསྐྱུངས་ཡོད། ལོ་རྒྱུས་སུ་འཁོད་པ་ལྟར་ན། སྐབས་དེ་དུས་སི་ཁྲོན་ལ་མི་ཁྲི9ལས་ལྷག་མེད་པ་རེད། གྲོང་མཁར་དང་ཁུལ་རྫོང་དུ་ཉིན་མོ་ཡིན་ཡང་སྟག་གཟིག་རྒྱུག་གིན་ཡོད། མི་ཉམས་ན་ཁྱི་དར་ཞེས་པ་ལྟར་ཁྱིས་མི་སེར་གྱི་ཚེ་སྲོག་ལ་གནོད་འཚེ་ཆེན་པོ་བཟོས་པའི་རྐྱེན་གྱིས། ཆིང་སྲིད་གཞུང་ཐབས་ཟད་ནས་དཔོན་དམག་མངགས་ཏེ་ཁྱི་ལྡོམ་གསོད་དུ་བཅུག་པ་དང་། ལོ་རྒྱུས་སུ་བྱུང་མ་མྱོང་བའི་མི་ཁྱིའི་འཐབ་འཛིང་ཆེན་པོ་བྱུང་བ་རེད། ཆིང་སྲིད་གཞུང་གིས་ཞིང་ལས་ཐོན་སྐྱེད་གོང་འཕེལ་གཏོང་བ་དང་དཔྱ་ཁྲལ་གྱི་དགོས་མཁོ་སྐོང་བའི་ཆེད་དུ། ཧུའུ་པེ་དང་ཧུའུ་ནན་ནས་ཡུལ་མི་གནས་སྤོས་སུ་བཅུག་ཡོད། སྐབས་དེར་ཧུའུ་པེ་མཱ་གྲོང་ཀྲའོ་ཚང་གི་སྤུན་མཆེད་གཉིས་ཀྱིས་ཁྱིམ་མི་རྣམས་ཁྲིད་དེ་ཅིན་ཐང་དུ་སྤོས། ཧྲན་ཞིན་དང་ལུང་ཝེ་རུ་ས་བསྐོར་ནས་ཞིང་རྨོས་པ་རེད། དེའི་ཡང་ཚ་ཀྲའོ་ཝུན་ཞུའེ་ཡིས་འོས་འགན་ཁུར་ཏེ་གྲུ་ཆུང་བཟོས་ནས་ཡུལ་མི་ཚོ་ཕར་སྐྱེལ་ཚུར་བསུ་བྱས་ཤིང་། བཤད་སྲོལ་ལྟར་ན་ཀྲའོ་ཚང་གི་མི་རབས་བརྒྱད་ཀྱིས་རིན་པ་མི་དགོས་པར་མི་རྣམས་ཆུ་བོར་ཕར་ཚུར་སྒྲོལ་རོགས་བྱས་ཡོད་པར་བརྟེན། གྲུ་ཁ་དེ་ལ་ཀྲའོ་ཚང་གི་གྲུ་ཁ་ཞེས་མིང་ཐོགས་པ་རེད། ཆིང་ཁང་ཞི་རྒྱལ་རབས་སུ་ས་གནས་དེ་གར་རིམ་བཞིན་གྲོང་རྡལ་ཆགས་པ་དང་། ཀྲའོ་ཚང་གི་གྲུ་ཁ་ལས་གྲོང་རྡལ་གྱི་མིང་ཡང་ཀྲའོ་གྲོང་རྡལ་ཞེས་ཐོགས། ཀྲའོ་གྲོང་རྡལ་ནི་ཁྲོན་ནུབ་ཀྱི་ཆུ་ཐོག་དང་སྐམ་སའི་འགག་མདོ་དང་འགྲིམ་འགྲུལ་ལྟེ་གནས་ཡིན་པས་དམངས་གླུ་ཁྲོད་དུ། སྒྲོལ་མི་ཚར་བའི་ཀྲའོ་ཚང་གྲུ་ཁ།། བཀང་མི་ཐུབ་པའི་ཁྲེང་ཏུའུ་གཞུང་གནས།། ཞེས་གྲགས་ཡོད། དེ་ནི་སི་ཁྲོན་དབུས་རྒྱུད་ཀྱི་གྲོང་རྡལ་ཆེན་པོ་བཞིའི་ཡ་གྱལ་ཡིན།ལོ་དུ་མའི་རིང་ལ་ཀྲའོ་གྲོང་རྡལ་ལ་ཆུ་འཇིགས་ཀྱིས་མནར་བཞིན་ཡོད། དབྱར་ཁར་ཆུ་འབྲུབ་པའི་ཚེ་འགག་སྒོ་དོག་དྲགས་པས་དུས་ཐོག་ཆུ་ལོག་བཤང་མ་ཐུབ་ནས་ཆུ་བོའི་འགྲམ་ངོགས་གཉིས་རྩ་མེད་དུ་དེད་འགྲོ་བ་དང་། རྫོང་མཁར་ཀྲའོ་གྲོང་རྡལ་ཡང་ཆུ་བོས་ཡོངས་སུ་བཀང་ནས་ཡོད།ཏང་དང་སྲིད་གཞུང་གིས་ཆུ་འཇིགས་རྩད་ནས་བསལ་བའི་ཆེད། 2002ལོར་འགག་སྒོ་རྒྱ་སྐྱེད་གཏོང་བའི་ལས་གྲྭ་སྤེལ་ཏེ། པིའེ་ལིན་གྱིས་ཕུག་པའི་ཅིན་ཐང་འགག་རྒྱ་སྐྱེད་དྲང་བཅད་བྱས་ནས་ཆུ་ལོག་ཐོགས་པར་མེད་པ་བཤང་ཐུབ་པ་བྱས་ཡོད། དེ་ནས་བཟུང་། ཀྲའོ་གྲོང་རྡལ་ཆུ་འཇིགས་ལས་ཐར་བ་དང་། མི་རྣམས་ཆུའི་འགྲམ་ནས་འཚོ་ཞིང་ཆུ་དང་ལྷག་པར་བརྩེ་བར་གྱུར། གཙང་གསུམ་ངོགས་གཉིས་སུ་ཐོག་ཁང་མང་པོ་ཚགས་དམ་ཞིང་གྲལ་བསྟར་འགྲིག་པའི་ངང་བཞེངས་ཡོད། མཚན་མོར་གློག་འོད་སྐར་ཚོགས་བཞིན་རབ་ཏུ་བཀྲ། མི་གྲོང་རྡལ་དུ་ཡོད་ལ། གྲོང་རྡལ་ཆུ་ཐོག་ལ་ཡོད། གནམ་ཆུ་གཞི་མདོག་གཅིག་ཏུ་སོང་ཞིང་འོད་མདངས་འཕྲོ་རེས་སུ་གནས། རྒྱལ་ཡོངས་ཀྱི་མི་སྡོད་གནས་འཕྲོད་ཀྱི་དཔེ་སྟོན་བྱ་དགའ་ཐོག་མ་ཐོབ་རྗེས། སི་ཁྲོན་མེ་ཏོག་གླིང་རའི་ཆུ་གྲོང་ཀྲའོ་གྲོང་རྡལ་ལ་ཤར་ཕྱོགས་ཀྱི་ཝེ་ཉི་སིའི་ཆུ་གྲོང་ཞེས་པའི་མཚན་སྙན་ཡང་ཐོབ་པ་རེད།།
( ཝང་ཨེན་ཕུའུ་ཡིས་བྲིས་ཤིང་སྐལ་ཐུབ་ཀྱིས་བསྒྱུར། མཁས་གྲུབ་ནོར་བུས་པར་བླངས། )
ཕེ་ཐུང་གྲོང་རྡལ།
ཕེ་རྫོང་གི་ཕེ་ཐུང་གྲོང་རྡལ་ནི་ཕེ་རྫོང་མི་དམངས་སྲིད་གཞུང་གནས་ཡུལ་གྱི་གྲོང་རྡལ་ཡིན་ཞིང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་ནུབ་བྱང་ནས་སྤྱི་ལེ20ཡོད་སར་ཡོད། ཕེ་ཐུང་གྲོང་རྡལ་ནི་ཕེ་ཐུང་ཆང་ལས་མིང་ཐོགས་པ་ཡིན།
ཝེ་ཅིན་དུས་སྐབས་སུ། ཧྲན་ཐའོ་དང་། ཅི་ཁང་། རོན་ཅི། རོན་ཞན། ཝང་རུང་། ཞང་ཞུའེ། ལིའུ་ལིན་བཅས་སྨྱུག་ཚལ་མཛངས་མི་བདུན་གྲགས་པ་དེ་ཚོ་སྨྱུག་ཚལ་དུ་ལྷན་དུ་འཛོམས་ནས་ཆང་འཐུང་ཞོར་འབེལ་གཏམ་གླེང་བའི་སྲོལ་ཞིག་ཆགས། ཅིན་རྒྱལ་རབས་ཀྱི་འགོ་མར་ཧྲན་ཐའོ་ཡིས་ཕེ་ཡུལ་སྐྱོང་བའི་ཚེ་སྔར་རྒྱུན་བཞིན་སྨྱུག་མ་དང་ཆང་ལ་དགའ་ཞེན་ལྷག་པར་ཆེ། ཉམས་སྤྲོ་བའི་དུས་སུ་ཡ་མོན་ནང་གི་ཁྲོན་པའི་ཆུ་བླངས་ཏེ་སྨྱུག་མདོང་དུ་མེ་ཏོག་ཐུའུ་མེའི་ཆང་ཞིམ་པོ་ཞིག་བསྙལ་པ་རེད། རྗེས་སུ་ཧྲན་ཐའོ་ཡིས་སྐབས་དེའི་རྒྱལ་ས་ན་ཡོད་པའི་གྲོགས་པོ་ལ་ཆང་བསྐུར་བ་དང་། གྲོགས་པོས་བསྟོད་བསྔགས་ཚད་མེད་བྱས་ཏེ་མིང་ལ་ཧྲན་ཀུང་ཆང་སྟེ་རི་གནས་སྐྱེས་བུས་བཙོས་པའི་ཆང་ཞེས་མིང་བཏགས། ཆང་ཞིམ་པོ་དེ་ཕེ་རྫོང་གི་སྨྱུག་མདོང་དུ་བཙོས་པ་ཡིན་པས་ཕེ་ཐུང་ཆང་ཞེས་ཀྱང་ཟེར། ཆིང་རྒྱལ་རབས་ཀྱི་ཐུང་ཀྲི་ལོའི་ཕེ་རྫོང་ལོ་རྒྱུས་ཡིག་དེབ་ཏུ་ཕེ་ཐུང་ཞེས་པའི་མིང་དེ་ལྟར་ཐོགས་པ་རེད་ཅེས་འཁོད་ཡོད།
རྒྱལ་རབས་རིམ་བྱུང་ཕལ་ཆེར་ལས་ཕེ་ཐུང་ཆང་གི་སྐོར་ལ་ཡིག་ཐོ་བཀོད་ཡོད། ཐང་རྒྱལ་རབས་ཀྱི་ཀྲོའུ་ཧྥུང་གིས་བྲིས་པའི་ཧྭ་དབྱང་གི་གོམས་སྲོལ་བཤད་པ་ཞེས་པ་ལས། ཕེ་རྫོང་ལ་ཕེ་ཐུང་ཁྲོན་པ་ཡོད་ཅིང་། དེའི་འགྲམ་དུ་སྨྱུག་ཆེན་ཡོད། ཕེ་རྫོང་གི་མི་རྣམས་ཀྱིས་དེའི་སྨྱུག་ཚིགས་མཚམས་ནས་བཅད་དེ་སྨྱུག་མདོང་དུ་དཔྱིད་ཀའི་སྨན་ཆང་བསྙལ་བ་དང་། ཕྱི་རུ་ཆུ་ཤིང་ལོ་མས་བཏུམས་རྗེས་པད་རྩའི་སྐུད་པས་དཀྲིས་ནས་བཞག། ཆང་ལངས་རྗེས་དྲི་ཞིམ་ཕྱི་རོལ་དུ་ཡང་བྲོ་ཐུབ། དེ་ནས་སྨྱུག་མདོང་བཅད་པའམ་ཁ་ཕྱེས་ནས་ཆང་འབུལ་རེས་བྱེད་ཆོག། ཡོངས་གྲགས་སུ་ཕེ་ཐུང་ཆང་ཞེས་མིང་ཐོགས་ཡོད་ཅེས་འཁོད་འདུག། མིང་རྒྱལ་རབས་ཀྱི་ཚའོ་ཞུའེ་ཆོན་གྱི་བྲིས་པའི་སི་ཁྲོན་དབུས་རྒྱུད་ཀྱི་ཡུལ་ལྗོངས་གྲགས་ཅན་སྐོར་བཤད་པ་ཞེས་པ་ལས། ཕེ་རྫོང་མངའ་ཁོངས་ཀྱི་ཤར་རྒྱུད་དུ་ས་དེའུ་འབུར་མང་ཞིང་། དེའི་འོག་ཏུ་ཆུ་རྫིང་ཡོད། གཏིང་དུ་ཆུ་ཁྲོན་ཡོད་ཅིང་མིང་ལ་ཕེ་ཐུང་ཁྲོན་པ་ཟེར། ཁྲོན་པའི་འགྲམ་དུ་སྨྱུག་ཆེན་ཡོད། མི་རྣམས་ཀྱིས་སྨྱུག་མ་བཅད་དེ་སྨྱུག་མདོང་བཟོས་ནས་ཁྲོན་ཆུས་ཆང་བསྙལ་བ་དང་། ཕྱི་རུ་ཆུ་ཤིང་ལོ་མས་བཏུམས་རྗེས་པད་རྩའི་སྐུད་པས་དཀྲིས་ནས་བཞག། ཆང་ལངས་རྗེས་དྲི་ཞིམ་ཕྱི་རོལ་དུ་ཡང་བྲོ་ཐུབ། ཅེས་པ་དང། ཡང་བཤད་སྲོལ་ལ། ཧྲན་ཐའོ་ཡིས་ཕེ་རྫོང་སྐྱོང་བའི་ཚེ། སྨྱུག་མདོང་དུ་མེ་ཏོག་ཐུའུ་མེའི་ཆང་བསྙལ་བ་དང་། ཉིན་བཅུ་ཤས་ཀྱི་རྗེས་སུ་ཆང་དྲི་གོམ་བརྒྱའི་བར་དུ་བྲོ་ཡོང་ཞེས་འཁོད་ཡོད། དེས་ན་ཕེ་ཐུང་ཆང་གི་ལོ་རྒྱུས་ཡུན་རིང་ཞིང་སྐབས་དེར་སྐད་གྲགས་ཧ་ཅང་ཆེ་བ་ཤེས་ཐུབ་བོ།།
རྒྱལ་རབས་རིམ་བྱུང་གི་མི་སྣ་གྲགས་ཅན་ཚོས་ཕེ་ཐུང་ཆང་ལ་དགའ་ཞེན་ཧ་ཅང་ཆེ། དཔེར་ན། ཏུའུ་ཧྥུ་དང་ལི་ཧྲང་དབྱིན། སུའུ་ཏུང་ཕའོ། ཧྥན་ཁྲེང་ཏ། ལུའུ་ཡིའུ་སོགས་སོ།། ཁོང་ཚོས་ཕེ་ཐུང་ཆང་ལ་བསྟོད་པའི་སྙན་ངག་མང་པོ་བཞག་མྱོང་ཞིང་། དེའི་ནང་དུ་ཏུའུ་ཧྥུའི་ཁྲེང་ཏུའུ་སྤྱིལ་ཁང་དུ་འགྲོ་བའི་ལམ་བར་དུ་བྲིས་ཤིང་ཡན་ཀྲེང་ཀུང་ལ་སྔོན་དུ་སྤྲིངས་པ་ཞེས་པ་ཁ་བྱང་རྣ་བྱང་ཡིན་པ་སྟེ།
སྤྱིལ་གནས་ལོག་འདོད་ཁྲེང་ཏུའུ་སྐྱོད་པའི་རྐྱེན།།
རིག་ལྡན་ཡན་ཝུའུ་སི་ཁྲོན་དཔོན་དུ་བསྐོས།།
སྲང་ལམ་ཁྲོད་དུ་གུས་བཀུར་ཞུ་ཚུལ་དྲན།།
ཐང་སྨྱུག་ཡུན་རིང་རྒོད་ལུས་གླེང་ཕོད་མེད།།
པིན་ཞེ་ཉ་ཡི་བྲོ་བ་མཆོག་ཏུ་ཞིམ།།
མཚན་བསྙལ་ཕེ་ཐུང་གར་ཆང་སླར་ཡང་དྲན།།
ཐའེ་ཧྲོའུ་ཡན་ཝུའུ་ལམ་ཕྲན་བརྒྱུད་ནས་ཕེབས།།
ལན་མང་ཞུ་འཕྲིན་སོས་དལ་ཅན་ལ་བསྩལ།། ཞེས་པའོ།།
( ཕེ་རྫོང་དམངས་སྲིད་ཇུས་ནས་ཡིག་ཆ་སྤྲད་ཅིང་སྐལ་ཐུབ་ཀྱིས་བསྒྱུར། )
