国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁེར་རྐྱང་དང་དཔེ་ ཁང་ཆུང་ཆུང་།

ང་རང་ཆུང་དུས་ནས་རྩོམ་ཡིག་འབྲི་བར་དགའ་ཞིང་། དཔེ་ཀློག་ལའང་ལྟོས་བཅས་ཀྱིས་དགའ་མོས་ཡོད་པའི་མི་ཞིག་ཡིན། ནམ་རྒྱུན་གཟའ་མཇུག་སྐབས་ཁོམ་པ་རེ་བྱུང་ཚེ་དཔེ་ཁང་དུ་ཉུལ་ནས་བརྩམས་སྒྲུང་དང་སྙན་དེབ་གསར་པ་ཐོན་ཡོད་མེད་ལ་ལྟ་བར་གོམས་ཡོད། དེའི་དབང་གིས་སློབ་ཆེན་གྱི་སྒོ་མོ་འགྲིམས་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་འཇམ་ཐིང་ཐིང་གི་ཁོར་ཡུག་ཅིག་ཏུ་དཔེ་ཁང་ཆུང་ངུ་ཞིག་གཉེར་བ་ནི་རང་གི་ཕུགས་བསམ་དུ་གྱུར་ཡོད།

མཐོ་འབྲིང་གི་སྐས་རིམ་དང་པོར་འཛེགས་པའི་གླགས་དེར་ཡང་བསྐྱར་རང་གི་རྨི་ལམ་ལྟ་བུའི་ཕུགས་འདུན་ལ་ཁ་དོག་གསར་པ་ཞིག་འབྲི་བའི་འདུ་ཤེས་ཤིག་ངང་ངམ་ཤུགས་ཀྱིས་དྲན་པའི་རི་མོར་བབས་བྱུང་། སྐབས་དེར་རང་ཉིད་ནི་སྤྱི་ཚོགས་ཞེས་པའི་མིང་བྱང་དེར་ཆ་རྒྱུས་སྤུ་ཙམ་མེད་ནའང་འབྱུང་འགྱུར་གྱི་ཕུགས་བསམ་དེར་སྟོང་འདང་ཁོ་ནས་འཆར་བཀོད་མང་པོ་བྱས་ལ།ཕུགས་འདུན་དེ་ནི་ང་ཁོ་ནས་མ་འོངས་པར་འཆར་གཞི་དང་སྒྲིག་གཞི་བཟོས་པའི་རེའུ་མིག་ཅིག་ཡེ་ནས་མིན། ང་དང་ལྷན་དུ་ལོ་ངོ་གཉིས་ཙམ་དུ་སྐྱིད་སྡུག་མཉམ་བསྲེས་ཀྱི་འཚོ་བ་སྐྱོང་རོགས་བྱེད་པའི་ནང་མི་ཞིག་གི་གློ་སྙིང་མཆིན་གསུམ་དུ་གསུབ་ཐབས་བྲལ་བའི་འདུན་པ་ཞིག་ཀྱང་ཡིན། འུ་གཉིས་ཀྱིས་མཉམ་དུ་སེམས་ཚོར་རེ་རེ་ནས་འཕྲོ་བའི་སྙན་ངག་ལྟ་བུའི་བརྗོད་པ་རེ་སྤེལ་ནས་འདས་མ་ད་གསུམ་གྱི་འཚོ་གནས་གླེང་ཞིང་། ལན་རེར་པར་རིས་ལས་མ་གཏོགས་མཐོང་མ་མྱོང་བའི་ཉི་མ་ལྷ་ས་གླེང་སྟེ་སློབ་ཆེན་ཞེས་པའི་སྒོ་མོ་བརྒལ་རྗེས་ཕ་མ་དག་ཁྲིད་ནས་གནས་མཇལ་དུ་འགྲོ་བའི་ལབ་གླེང་བྱས་པའང་བགྲང་གིས་མི་ལང་། ཡོང་སྒོ་ཆུང་ཡང་རང་གཉིས་ཀའི་འདུན་མ་ལྟར་འཚོ་གནས་བྱེད་པར་འཁང་ར་དང་ལས་འདེད་ཅི་ཡང་མེད་པའི་ཁས་འཆེས་བརྟན་པོའང་བྲག་བརྐོས་རི་མོ་ལྟར་བྲིས་ཤིང་། རྟག་བརྟན་འགྱུར་མེད་ཀྱི་ཐེར་གཟུགས་བཞིན་བློ་ངོར་ཕབ།

དཔེ་ཁང་ཆུང་ཆུང་དུ་ཕར་འགྲོ་ཚུར་འོང་གི་མི་ཚོགས་ཁོ་ནར་ཅེར་ཏེ། སོང་ནས་རྫོགས་མཐའ་མེད་པའི་ལྷིང་འཇགས་ཀྱི་མཁའ་དབུགས་དྭངས་མ་ཞིག་ཏུ་འཚོ་གནས་བྱེད་པ་ནི་ངའི་ཆེས་གདོད་མའི་ཕུགས་འདུན་དུ་གྱུར་མྱོང་། དཔེ་ཁང་དུ་འོ་ཇ་དཀར་པོ་ཧུབ་གང་བཏུང་ཞིང་ནོར་གནག་དང་རྟ་ཁྱུ་ཞིག་གི་ངང་ཚུལ་ལ་བལྟས་ཏེ། འབྲོག་པ་གཅིག་པུར་མངའ་བའི་ཁ་ཁུ་སིམ་པའི་འཚོ་བ་ཞིག་རོལ་བ་ནི་ངའི་རྨི་ལམ་དུའང་ལན་འགར་འཁོར་མྱོང་། སྐབས་དེར་ངས་སྙན་ངག་བྲི་ངེས། སྙན་ངག་ནི་འཚོ་བ་ལས་བསྐྱེད་པའི་ངལ་བ་གྲངས་མེད་ཅིག་དང་སྡུག་ཡུས་རྫོགས་མེད་ཅིག་གི་སླད་དུ་བྲིས་པ་མིན་ལ། བུ་མོ་སུ་ཞིག་གི་མིག་ཆུ་རིན་མེད་ཅིག་གི་དོན་དུ་བྲིས་པའང་མིན། དེ་བས་ཀྱང་ཁོམ་ལོང་གི་དུས་ཚོད་རིང་དྲགས་པ་སོགས་ཀྱིས་སུན་སྣང་སྐྱེས་པའི་རྐྱེན་གྱིས་མ་ཡིན་ཏེ། འཇབ་ཀྱིན་འགྲོ་བའི་ལོ་ཟླ་དེའི་རྗེས་སུ་མ་ཆོད་པར་ཡིད་མུག་པའི་སེམས་ཁྲལ་བྱེད་བཞིན་རང་ཉིད་ཀྱི་གོམ་ཁ་བྲེལ་མོ་ནམ་ཡང་དལ་བར་དཀའ་བས་ཡིན་ལ་དེ་ནི་ངས་འཚོ་གནས་དང་གནས་བབ་ལ་བཟུང་པའི་ལྟ་ཚུལ་ཞིག་གི་ཟོལ་ཉམས་ལྷུག་པོར་བརྗོད་ཆེད་ཡིན་ཞིང་དགའ་སྐྱོ་འདྲེས་མའི་འཁོར་བ་ཞིག་གི་བདེན་དོན་འཚོལ་བར་བྲིས་པའང་ཡིན།

ངའི་དཔེ་ཁང་ཆུང་ཆུང་གི་འཚོ་བ་ནི་ཧ་ཅང་སྟབས་བདེ་ཞིག་ཡིན་ཏེ། སྨྱུ་གུ་ཁ་ཤས་དང་འབྲི་ཤོག་ཅིག། རྩམ་པ་དང་མར་ཆུར། ཤ་རློན་ཞིག། ད་རུང་རང་བློ་མཐུན་པའི་རྒྱལ་ཕམ་གཉིས་ཀར་ང་ལ་མདུན་ནས་བསུ་མཁན་དང་སྐྱིད་སྡུག་ཟུང་གི་དཔུང་པ་གཤིབ་རོགས་ཀྱི་བུ་མོ་ཞིག། ང་དང་མཉམ་དུ་སྙན་ངག་འབྲི་ཞིང་དཔེ་ཀློག་བྱེད་པ། རི་ཁྲོད་པ་གང་ཞིག་ཏིང་ངེ་འཛིན་སྒོམ་པ་ལྟ་བུའི་སྤང་ཐང་དུ་འཆམ་འཆམ་དུ་སོང་སྟེ་སུམ་རྩེན་ཡུལ་ལ་འགྲན་པའི་མཛེས་སྡུག་ཡི་གར་འོང་བའི་འཚོ་བ་ལ་ལོངས་སྤྱོད་བྱེད་པ་ནི་ཅི་འདྲའི་འཆར་ཡན་རང་བཞིན་གྱི་འཚོ་བ་འབའ་ཞིག་རེད། ངས་སྙན་ངག་པ་ཁོ་ནར་དབང་བའི་འཆར་ཡན་གྱི་འཇིག་རྟེན་ཞིག་ཏུ་ཁ་དོག་དཀར་སེར་དམར་ལྗང་གི་རི་མོ་བྲི་བཞིན། གླུ་གཞས་གཏོང་བ། སྙན་ངག་གྱེར་བ། ཞབས་བྲོ་འཁྲབ་པ་སོགས་ནི་ངའི་འཚོ་བའི་གཉུག་གཤིས་ཇི་བཞིན་མེད་ཐབས་མེད་པའི་ཆ་ཤས་སུ་འགྱུར་འགྲོ། དེ་མིན་ང་དང་འདྲ་བའི་འཚོ་བ་སྐྱོ་བོ་ཞིག་གི་སླད་དུ་འདུར་རྒྱུག་ལ་ལོབས་པའི་མི་ཚོགས་ཀྱང་ངའི་དཔེ་ཁང་ཆུང་ཆུང་གི་མགྲོན་པོ་གལ་ཆེན་དུ་འགྱུར་འོང་། ང་ཡང་རིམ་བཞིན་དུ་ཁོ་ཚོའི་སོས་ཀའི་གནམ་གཤིས་ལ་འཁུ་བའི་བཞིན་མདངས་ཀྱི་འགྱུར་བག་ལ་གོམས་པར་གྱུར་ཏེ། དེ་དང་བསྟུན་པའི་བྱ་ཐབས་ཀྱང་ཡུན་གྱིས་རྙེད་འོང་། དེ་ནི་ཉམས་མྱོང་ལས་ཐོབ་པའི་ཤེས་བྱར་བགྲང་ཡང་འགྲིག་པར་སྙམ།

དཔེ་ཁང་ཆུང་ཆུང་དེ་ལས་ངས་ཤ་ལས་ཆད་པའི་བུ་དང་བུ་མོར་དབྱངས་གསལ་སོ་བཞིའི་སྦྱོར་ཀློག་ཁྲིད་ཅིང་། བལྟས་ན་མིག་ལ་མཛེས་ཤིང་བཀླགས་ན་རྣ་བར་སྙན་པའི་ཀ་མད་སུམ་ཅུའི་གཞལ་ཐབས་བྲལ་བའི་རིན་ཐང་བཤད་སྲིད་ལ། མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་འཕེལ་འགྱུར་རེ་རེའང་མཛུབ་མོ་རི་སྟོན་གྱི་ཚུལ་དུ་རང་གི་ཤེས་ཚོད་ཀྱིས་བརྗོད་སྲིད། ལོ་ཟླའི་གོམ་འགྲོས་ཇི་བཞིན་འཇབ་ཀྱིན་འཇབ་ཀྱིན་ང་ཚོའི་ཉེ་འགྲམ་དུ་བཏུད་བཞིན་པའི་གཟུགས་མེད་ཀྱི་རྣོ་གྲི་དག་ལའང་ཟུར་ཤུགས་གང་ལས་གསལ་འདེབས་བྱས་ཏེ། ཉེ་འགྲམ་ཡོད་ཚད་དགུང་གི་ཉི་མའི་ནང་བཞིན་དྲིན་གྱིས་ཁེངས་ཤིང་།མཚན་མོའི་ཟླ་འོད་ནང་ལྟར་བསིལ་འཇམ་གྱིས་ཕྱུག་པ་བློ་ངོར་བྲི་ངེས། སྐྱི་གཡའ་ཞིང་ཉམ་ཐག་པའི་ལས་དབང་ཞིག་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་ཡུན་ནས་ཡུན་དུ་རྒྱ་ཁྱབ་དང་ཉམས་རྒུད་དུ་འགྲོ་བཞིན་པའང་ཤེས་སུ་བཅུག་སྟེ། ཐ་ན་རང་མིང་ཙམ་ལས་སྲུང་བར་མ་ནུས་ཀྱང་དེ་ལ་ནུས་ཤུགས་ཡོད་དགུ་འདོན་དགོས་པའི་གསོན་དུས་ཁ་ཏ་དང་ཤི་དུས་ཁ་ཆེམས་ལྟར་རྡོ་བརྐོས་རི་མོ་ལྟར་གསལ་ལེར་དགོད་ངེས།

མདོར་ན་དེ་རུ་ངའི་ལང་ཚོའི་དཔལ་ཡོན་ཡོད་ལ། བཞུན་ཟིན་པའི་ལོ་ཟླ་ཞིག་གི་སྒྲོམ་གཞི་ཞིག་ཀྱང་གསལ་ལེར་བྲིས་ཡོད། མ་འོངས་པར་སྟོང་འདང་སྐྱིད་པོ་ཞིག་ཀྱང་ཆར་རྗེས་ཀྱི་འཇའ་ཚོན་ནང་བཞིན་ཁ་དོག་སྣ་ལྔས་བཀླུབས། དེ་ནི་ངས་རེ་སྙེག་གི་སྐྱེད་ཚལ་ཞིག་ཀྱང་ཅི་ལ་མིན།

༼ ལྗང་སྨྱུག། ༽