国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཉིད་ལ་བསྐུལ་ བའི་དོ་ཧ།

སྨྲ་བ་ཚིག་གི་མེ་ཏོག་ངག་ནས་འཐོར།།

སྨྲ་བའི་གླེང་གཞི་ཞིག་ལ་དབུ་ཁྱུད་བྱེད།།

སྨྲ་བ་སྤྲོས་པས་ཟིན་ཡང་ཡང་སྙིང་སྨྲ།།

སྨྲ་བ་མཆོག་ཅིག་མིན་པ་སུ་ཡིས་ཚོར།།

སྨྲ་ན་གཏིང་མཐའི་ངོ་བོ་གསལ་བ་ཞིག །

སྨྲ་ན་ཡང་སྙིང་རྡོལ་བ་གལ་ཆེ་བས།།

སྨྲ་ན་གོ་རིམ་ངེས་པའི་བརྗོད་གཞི་སྟེ།།

སྨྲ་བའི་འདུན་མ་རྡོག་པོ་ཞེ་རུ་མངོན།།

སྨྲ་བརྗོད་ཅི་ཞིག་ཀློང་ནས་སྨྲ་གཞི་སྟེ།།

སྨྲ་བའི་སྤོབས་པ་ནང་གི་རང་བཞིན་ལ།།

སྨྲ་བསམ་ངོ་བོ་གཙང་བ་ཤིན་ཏུ་གལ།།

སྨྲ་མཁས་འདི་ལྟར་འགྱུར་ལ་རེ་བས་ཕྱུག །

སྨྲ་བ་ཚིག་གི་འགྲོས་ནི་གཙང་མ་ཞིག །

སྨྲ་བས་ཡིད་འོང་དྲང་ལ་བློ་ཁེལ་བ།།

སྨྲ་བའི་ངོམ་བརྗིད་སྤུད་དེ་ངོ་བོ་གསལ།།

སྨྲ་མཁས་དམ་པ་ཞིག་ལ་འབད་དུ་རིགས།།

སྨྲ་གཞི་བརྟན་བརླིང་ཆེ་ལ་ཤིན་ཏུ་ཟབ།།

སྨྲ་སྙིང་དོན་ལ་མཐུན་ཏེ་མདའ་ལྟར་དྲང་།།

སྨྲ་བསམ་ཡུལ་གྱི་ངོ་བོ་མ་འདྲེས་པ།།

སྨྲ་བའི་རང་དབང་ཡོད་ན་ཨེ་མ་རྨད།།

སྨྲ་བ་གཏིང་མཐའ་རིང་བའི་བརྗོད་པ་ལ།།

སྨྲ་ལྕེ་བདེ་མོའི་ངང་ནས་ཡང་སྙིང་འཚོལ།།

སྨྲ་ཤེས་དོན་གོ་ཙམ་ལས་རབ་ཏུ་བརྒལ།།

སྨྲ་བ་ཀུན་ལས་འདས་པའི་ངག་ཅིག་མཁོ།།

སྨྲ་ཚད་བདེན་པའི་གནད་ལས་མ་ཡོལ་བ།།

སྨྲ་བ་ཇི་སྙེད་ཚོགས་ཀྱང་གསལ་ལྷང་ངེར།།

སྨྲ་སྒོ་ཡངས་པོར་ཕྱེ་ནས་བསམ་གཞིག་ནི།།

སྨྲ་འདོད་རྩོལ་བའི་འོག་ཏུ་ཚོར་འདུ་སྨིན།།

སྨྲ་ལ་བརྗོད་པ་བདེ་ཞིང་ཀུན་སློང་གཙང་།།

སྨྲ་འཆལ་རིང་དུ་དོར་ནས་སྲོང་པོར་སྨྲ།།

སྨྲ་ཚིག་རབ་རིབ་མིན་པ་དྭངས་གཙང་ཞིག །

སྨྲ་བས་རང་ལ་བསྐུལ་བའི་སྨྲ་ཚུལ་མཛེས།།

༼ ཁམས་འོད་གསལ། ༽