ལྡེམ་ལྡེམ་ལུས་ཀྱི་སྟངས་སྟབས་ཤིག་གིས།།
དབང་མེད་ཡིད་ཀྱི་དྲན་པ་འཕྲོག་ཀྱང་།།
ཁ་དན་ཚིག་གི་འགྱུར་མེད་དམ་བཅའ།།
རང་སྲོག་ལས་ཀྱང་གཅེས་སྤྲས་འོས་སོ།།
ཁྱོད་ཀྱི་དུང་ཞེན་བརྩེ་བའི་མུ་ཏིག །
བདག་གི་མགུལ་དུ་ཡང་ཡང་དཀྲིས་པས།།
ཡ་ཆུང་ཟླ་བའི་གུར་ཁང་དབུས་སུ།།
ཁྱོད་འཛུམ་མེ་ལོང་རང་འཁོར་ཡིན་ནོ།།
སེམས་སོང་སྙིང་གི་ཁྲེལ་གཞུང་ཅན་མ།།
མཛེས་སྡུག་ལང་ཚོའི་དབུ་ཞལ་ཅན་མ།།
སྤང་གཤོང་འདི་ཡི་སྔོ་ལྗང་དཀྱིལ་དུ།།
ལས་ཀྱི་མི་ཁྱོད་ཕེབས་པར་སྒུག་གོ།།
སྐབས་གསུམ་ལྷ་ཡི་སྐྱེད་མོའི་ཚལ་འདྲ།།
མ་བཅོས་རང་འཁོར་ཡུལ་ལྗོངས་མཛེས་པོ།།
སྐྱེས་པའི་མེ་ཏོག་ས་ལ་ཐོར་བའི།།
མདོ་སྨད་ཡུལ་ནས་ཁྱོད་སར་ཆས་འདོད།།
ཕར་མཐོང་དགུང་སྔོན་ཟླ་བའི་མཛེས་སྡུག །
ཁྱོད་ཀྱི་གདོང་གི་དོ་ཟླ་མིན་ན།།
དམར་སེར་གོས་ཀྱི་ཐུ་འོག་འདི་ནས།།
ཡུན་དུ་བཙལ་རྒྱུའི་ཆོད་སེམས་མི་གདའ།།
ངག་གི་མཆོད་ཕྲེང་འཛད་མེད་སྤེལ་ཞོར།།
ལྷ་མོའི་དྲུང་ལ་འཕྲིན་ཞིག་སྐྱེལ་དུས།།
གཟུགས་སྐུའི་བཀོད་པ་མཇལ་སྐལ་བྱུང་ན།།
མགྲིན་པ་ངག་གི་སྐྱེམས་ཆང་རེག་འོང་།།
མཛེས་སྡུག་ལྷ་ཡི་མེ་ཏོག་ཚལ་ལ།།
གཡུ་སྦྲང་བུང་བའི་གཤོག་རྩལ་རྒྱས་དུས།།
དྲུག་འགྱུར་ངག་གི་འགྱུར་ཁུག་དབུས་ནས།།
མི་ཚེའི་ལམ་འཕྲང་དལ་གྱིས་བརྒལ་ཆོག །
སྐྱེ་བའི་ལམ་འཕྲང་ཅི་ཙམ་དོགས་ཀྱང་།།
མུ་ནས་མདུན་གྱི་ཕྱོགས་སུ་ཆས་དགོས།།
ཅིས་ཀྱང་རེ་འདུན་དར་ལྕོག་དཀར་པོ།།
ཡངས་པའི་ལྗོངས་སུ་བསྒྲེང་ལ་བྲེལ་ཡོད།།
མ་སྲུ་མཁའ་འགྲོའི་འཇོ་སྒེག་ལྡེམ་ལྡེམ།།
ཡིད་ཀྱི་གྲོང་དུ་འཛུམ་དཀར་གཡོ་དུས།།
ཁྲེལ་གཞུང་ཟླ་བའི་དམ་ཚིག་གཙང་མས།།
ངག་གི་འཕྲུལ་ལ་རམ་འདེགས་གནང་སོང་།།
སྔོ་ལྗང་གཡུ་ཡི་མཎྜལ་ཐང་དུ།།
མ་བསྡུས་གྲོགས་ཚོགས་ལྷན་དུ་འཛོམས་དུས།།
ཡིད་ལ་རེ་བའི་མཛངས་མ་རྣམ་གྲོལ།།
གངས་ཀྱི་མཐའ་ནས་ང་ལ་བསྒུག་ཞུ།།
རིག་བྱེད་ཟླ་བའི་སྙན་དབྱངས་དྲུག་འགྱུར།།
གཙང་པོའི་འགྲམ་ནས་ལྷང་ལྷང་གྲག་དུས།།
ང་དང་ཁྲུང་ཁྲུང་ཡུལ་ལ་ལོག་ཀྱང་།།
ཡ་ཆུང་སེམས་འདི་རྗེས་ཤུལ་ཐེབས་སོང་།།
༼ ཁམས་ཟླ་སྲས། ༽
