国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བཞག་མོ་གངས་འདབས་ནས་ཆས་པའི་རིག་པ་སྨྲ་བ།

( པར་ངོས་དང་པོར་མཐུད།)

ཕྱག་གི་བྱ་བ་ཐང་ལ་མ་ཤོར་འབད་པ་སྙིང་སྟོབས་དགུ་འགྱུར་བསྐྱེད།།

རིག་པའི་བྱ་གཞག་ཐུགས་ནས་མ་འདོར་བྱས་པའི་གྲུབ་འབྲས་མངོན་པར་མཐོ།།

གནའ་དེང་གཞུང་ལ་བརྩོན་པ་མ་བརྗེད་རིག་པའི་དར་ཆེན་དགུང་དུ་བསྒྲེངས།།

བརྩོན་པའི་གྲུབ་འབྲས་གཡུར་དུ་ཟ་བའི་བསྟན་བཅོས་རིན་བྲལ་མི་ཡུལ་བཞག།

དེ་ལྟར་མི་ཉག་ཐུབ་བསྟན་ཆོས་དར་ཁོང་ཉིད་སྤྱི་ལོ1986ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་རིག་པའི་ཁོ་ལག་ཡོངས་སུ་རྫོགས་ནས་སློབ་ཐོན་བྱུང་ཞིང་། སྐབས་དེར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་ཐོན་སློབ་མ་དྲུག་རྒྱལ་ས་པེ་ཅིང་གི་ལས་ཁུངས་ཁག་ཏུ་ལས་བགོས་བྱས་པ་ལས་ཁོང་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་བྱ་བར་ཞུགས། ཁོང་གིས་ཐོག་མར་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས། བོད་ཀྱི་ལོ་རྒྱུས་ཡིག་ཚགས་སྐོར་ལེགས་སྒྲིག་དང་དཀར་ཆག་འབྲི་བའི་བྱ་བར་འབད་པ་རྩེ་གཅིག་ཏུ་བསྒྲིམས་ནས་ཞུགས་ཤིང་། དེའི་རྗེས་སུ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་ནས། སྤྱིར་དཔེ་མཛོད་ཁང་གི་ལས་ཀ་སྣ་ཚོགས། བྱེ་བྲག་ཏུ་བོད་ཡིག་གནའ་དཔེ་ལ་ཞིབ་འཇུག་དང་། དཀར་ཆག་འགོད་པ་སོགས་ཀྱི་བྱ་བར་འབད་པ་ལྷུར་གྱིས་བླངས་ཤིང་གྲུབ་འབྲས་བཟང་པོ་ཐོབ་པར་མ་ཟད། གནའ་བོའི་བོད་ཀྱི་དཔེ་རྙིང་མང་པོ་ཞིག་ལ་ལྟ་ཀློག་དང་སློབ་སྦྱོང་། དཀར་ཆག་འགོད་པའི་གོ་སྐབས་བཟང་པོ་ཐོབ་ཅིང་གནའ་དཔེ་ཞིབ་འཇུག་ཕྱོགས་ལ་རྨང་གཞི་བརྟན་པོ་བཏིང་། དེ་དང་ལྷན་དུ་ལོ་མང་པོར་བརྩོན་པའི་གྲུབ་འབྲས་ཕྱི་ལ་མངོན་ཡོད་ལ། དེའང་བྱ་བའི་ཞོར་དུ་ཆེད་རྩོམ་མང་པོ་བྲིས་ཤིང་དཔེ་རྙིང་རྩ་ཆེན་མང་པོ་འཚོལ་སྡུད་ལེགས་སྒྲིག་སོགས་ཀྱི་བྱ་བར་མ་སྐུལ་དང་བླངས་ཀྱིས་ཞུགས་ཤིང་རྩོམ་ཡིག་ཕྱོགས་བསྒྲིགས་སྐོར་དང་ཆེད་རྩོམ་སྐོར་གྱི་བརྩམས་དེབ་མང་པོ་དཔེ་སྐྲུན་ཁང་སོ་སོ་ནས་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད་པ་སྟེ།《བྱ་བྲལ་སངས་རྒྱས་ཚེ་འཕེལ་གྱི་རྣམ་ཐར་གསལ་བའི་མེ་ལོང》ཞེས་པ་སྤྱི་ལོ2003ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས། 《རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་གསལ་བའི་མེ་ལོང》སྤྱི་ལོ2000ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས།《མཚམས་བྲག་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་གསལ་བའི་མེ་ལོང》ཞེས་པ་སྤྱི་ལོ2003ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས།《མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གདུང་རྒྱུད་རྣམ་ཐར་གསལ་བའི་མེ་ལོང》ཞེས་པ་སྤྱི་ལོ2008ལོར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།《ཁམས་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་རབས་གསལ་བའི་མེ་ལོང་།》ཞེས་པ་སྤྱི་ལོ2016ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས། 《རྒྱལ་སྒོ་བླ་མ་བསོད་ནམས་བཟང་པོའི་རྣམ་ཐར་གསལ་བའི་མེ་ལོང》ཞེས་པ་སྤྱི་ལོ2023ལོར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས་པ་སོགས་ཀྱི་གསུང་རྩོམ་པོ་ཏི་སྐོར་དང་། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི《བོད་ཀྱི་རྣམ་ཐར་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱི་དཀར་ཆག》དང《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་ཀྱི་དཀར་ཆག》རྒྱ་ཡིག་ཏུ་བསྒྱུར་བའི་དཀར་ཆག་དེ་གཉིས་སྤྱི་ལོ2010ལོ་དང2011ལོ་སོ་སོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས་པ་སོགས་བརྩམས་ཆོས་མང་པོ་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས་ཏེ་བྱས་རྗེས་བླ་ན་མེད་པ་བཞག། གོང་གི་བརྩམས་དེབ་དག་ལས།《མཚམས་བྲག་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་གསལ་བའི་མེ་ལོང་།》དང་།《མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གདུང་རྒྱུད་རྣམ་ཐར་གསལ་བའི་མེ་ལོང་།》 དང་། 《ཁམས་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་རབས་གསལ་བའི་མེ་ལོང་།》འདི་གསུམ་ལ་ཀྲུང་གོ་བོད་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་གྲུབ་འབྲས་རིམ་པ་གསུམ་པའི་བྱ་དགའ་དང་གཟེངས་བསྟོད་ཐོབ། གཞན་ཡང《སྡེ་དགེའི་ས་སྐྱོང་དབང་མོས་བཞེངས་པའི་རྙིང་མ་རྒྱུད་འབུམ་གྱི་མཚམས་སྦྱོར།》དང《རྙིང་མ་རྒྱུད་འབུམ་གྱི་མཚམས་སྦྱོར།》《 ལྷ་ལུང་དཔལ་གྱི་རྡོ་རྗེའི་མཛད་རྣམ་ལ་དཔྱད་པ།》 《མི་ཉག་མཁན་ཆེན་ཆོས་ཀྱི་གྲགས་པའི་རྣམ་ཐར།》 《སྲོང་བཙན་ནས་གླང་དར་བར་བཙན་པོ་རིམ་བྱོན་གྱི་འཁྲུངས་འདས་ལོ་ཚིགས་ལ་དཔྱད་པ་སྔར་མེད་གསལ་བའི་རེའུ་མིག།》《བོད་ཀྱི་རྣམ་ཐར་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱི་དཀར་ཆག》སོགས་དཔྱད་རྩོམ་མང་པོ《ཀྲུང་གོའི་བོད་རིག་པ》དང《བོད་ལྗོངས་ནང་བསྟན》སོགས་དུས་དེབ་གྲགས་ཅན་ཁག་ཏུ་བཀོད།《ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་མི་ཉག་བར་གྱི་འབྲེལ་བ་སྟོན་པ》《གྲུབ་ཆེན་ཐང་སྟོང་རྒྱལ་པོའི་འཁྲུངས་འདས་དང་མི་ཉག་གི་སྐོར》《ལྕགས་ཟམ་ཁ》《མི་ཉག་མཐོང་གྲོལ་མཆོད་རྟེན་གྱི་ངོ་སྤྲོད་བསྡུས་པ》《སྔོན་བོད་སྡེ་པ་གཞུང་གིས་མི་ཉག་གི་ཡུལ་རྫོང་ཞབས་ཞེས་པའི་གནས་སུ་བཙུགས་པའི་རྫོང་དེའི་བྱུང་རྒུད་མདོར་ཙམ་བསྟན་པ》《 མི་ཉག་ལྷ་སྒང་ཇོ་བོའི་བྱུང་བ་མདོ་ཙམ་གླེང་བ 》《ཀླུ་མེས་ཀྱི་སློབ་མ་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བཏབ་པའི་ཕན་ཡུལ་རྒྱལ་ལྷ་ཁང་གི་མཁན་རབས》《ཙོང་ཁ་ཞེས་པའི་ཙོང་དེའི་གོ་དོན》《མདོ་ཁམས་ཆུ་བཞི་སྒང་དྲུག་ལ་དཔྱད་པ》《མི་ཉག་མཁས་པ་མི་ལྔའི་རྣམ་ཐར་གནད་བསྡུས》《ཚིག་ཕྲད་ཀྱི་ནང་གསེས་དེ་སྒྲ་ལ་དཔྱད་པ་ཞེས་བྱ་བ》 《ག་མཐར་ཆིག་ཤད་དགོས་པའི་རྣམ་བཞག་བརྗོད་པ》《ལ་དོན་གྱི་ནང་གསེས་དེ་ཉིད་ལ་དཔྱད་པ་ཞེས་བྱ་བ།》 《བདག་སྒྲ་དང་མིང་མཐའི་པ་བ་ལ་དཔྱད་པ》《ས་པཎ་གྱིས་མཛད་པའི་ཡི་གེའི་སྦྱོར་བ་ཞེས་བྱ་བའི་བསྟན་བཅོས་ཀྱི་གྲུབ་ཆ་མདོ་ཙམ་གླེང་བ》《རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ཕྲད་ནས་ལས་གཉིས་ལ་དཔྱད་པ》《མིང་གི་རྣམ་བཤད་གསལ་བའི་མེ་ལོང》《རྣམ་དབྱེའི་ཕྲད་ཀྱི་རྣམ་གཞག》《ཐུ་མིའི་རྟགས་འཇུག་ལས་བྱུང་བའི་བདག་གཞན་དུས་གསུམ་གྱི་རྣམ་བཞག་ལ་དཔྱད་པ》 《མ་མགོ་དང་འ་འགོ་གཉིས་ཀྱི་ཁྱད་པར་བརྗོད་པ》 ཞེས་པ་སོགས་ཀྱི་དཔྱད་རྩོམ་མང་པོ་པར་བསྐྲུན་མ་བྱས་པར་གཞུང་སྒེར་གྱི་དྲྭ་ཚུགས་དང་འཕྲིན་སྟེགས་སོགས་སུ་བཀོད་ཡོད་པའོ།།

བགྲང་བྱ་བཅུ་ཕྲག་དུས་ཀྱི་རིང་ལ་བྱ་གཞག་རླབས་ཆེན་འབད་པས་བསྒྲུབས།།

ལས་འཁྱུར་དུས་ཚོད་ཆུད་ཟ་མ་བཏང་ཕུགས་འདུན་རྒྱུན་བཟང་སྔར་བཞིན་བསྐྱངས།།

གནའ་དཔེ་འཚོལ་སྡུད་ལོ་རྒྱུས་རྗེས་ཤུལ་འཚོལ་སྙེག་བྱ་བའི་ལས་ལ་བྲེལ།།

དེ་ལྟར་བྱ་བའི་ལས་ལ་འཇུག་པས་བྱས་རྗེས་ཆོས་རིག་གཉིས་ཆར་བཞག།

དེ་ལྟར་མི་ཉག་ཐུབ་བསྟན་ཆོས་དར་ཁོང་གིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་བགྲང་བྱ་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་བྱ་བའི་ལས་ལ་བརྩོན་པའི་རྒྱུན་བཟང་བསྐྱངས་ནས་གྲུབ་འབྲས་མངོན་པར་མཐོ་བ་བླངས་པ་དང་། སྤྱི་ལོ2004ལོར་ཞིབ་འཇུག་པ་གཞོན་པའི་གོ་མིང་ཐོབ། སྤྱི་ལོ2017ལོར་ཞིབ་འཇུག་པའི་གོ་མིང་ཐོབ་པར་མ་ཟད། གཞུང་སྒེར་ཀུན་ནས་ཁོང་གི་གྲུབ་འབྲས་ལ་བསྟོད་བསྔགས་དང་མཐོང་ཆེན། གཟིགས་བཟོས་སོགས་ཐོབ་ཡོད་པའོ།།

སྤྱི་ལོ2020ལོ་སྟེ་རང་ལོ་དྲུག་ཅུར་སླེབས་དུས་ལས་འཁྱུར་ངལ་གསོ་བྱས། ལས་འཁྱུར་ངལ་གསོ་བྱས་རྗེས་སྤྱིར་བོད་ཡུལ་ས་ཆ་སྟོད་སྨད་བར་གསུམ་དང་ཡང་སྒོས་རང་ཡུལ་མི་ཉག་ལུང་པའི་གནའ་ཤུལ་ཁག་ཏུ་དངོས་སུ་བསྐྱོད་ནས་ཡུལ་དངོས་རྟོག་ཞིབ་དང་ལོ་རྒྱུས་རྒྱུ་ཆ་འཚོལ་སྡུད་སོགས་ཀྱི་བྱ་བའི་ལས་ལ་ཞུགས་ནས་མི་མངོན་བྱེ་མའི་ཕུང་པོ་རུ་ནུབ་ལ་ཉེ་བའི་གནའ་ཤུལ་ཁག་གི་ལོ་རྒྱུས་རིག་གནས་མང་པོ་ཞིག་འཚོལ་སྡུད་དང་མྱུར་སྐྱོབ། དཔེ་སྐྲུན། བོད་ཀྱི་བརྡ་སྤྲོད་ཞིབ་འཇུག་སོགས་ཀྱི་བྱ་བའི་ལས་ལ་མུ་མཐུད་ནས་བྲེལ་བཞིན་ཡོད་ལ། ཁོང་གིས་ཞིབ་འཇུག་སློབ་སྦྱོང་སྐོར་ལ་འཇུག་བཞིན་པའི་ཕྱི་རབས་པའི་གཞོན་སྐྱེས་དག་ལ་གདམས་ངག་ཚིག་གསུམ་འདི་ལྟར་གནང་ཡོད་དེ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》ལས། ཐོས་པའི་དོན་ལ་རྩེ་གཅིག་ཏུ།། རིག་པའི་ལམ་ནས་དཔྱད་བྱས་ཏེ།། བསམ་བྱུང་ངེས་པ་མ་རྙེད་ན།། ཐོས་ཀློག་ཕལ་ཆེར་ནེ་ཙོ་འདྲ།། ཞེས་པ་གསུངས་ལྟར། སློབ་སྦྱོང་དང་ཞིབ་འཇུག་གང་གི་སྐབས་སུ་ཡང་དཔྱད་པ་ལེགས་པོར་གནང་དགོས་པ་ནི་གནད་དམ་པའོ།། དེའང་ཞིབ་འཇུག་གི་གྲུབ་འབྲས་ལེགས་པོར་ཞིག་འབྱུང་དགོས་ན། གནད་གསུམ་ལ་འདུས་སྙམ། དེའང་ཐོག་མར་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་སོགས་རིམ་པར་བརྒྱུད་དེ་རྒྱ་བོད་དབྱིན་གསུམ་གྱི་ཡི་གེ་དང་གཞུང་ལུགས་དག་གི་རྨང་གཞི་ལེགས་པོར་འཛུགས་དགོས་པ་གནད་དང་པོའོ།། དེ་ནས་ཆེད་ལས་སམ་ཞིབ་འཇུག་གི་ཁ་ཕྱོགས་སྐོར་གྱི་རྒྱུ་ཆ་མང་པོར་འཚོལ་སྡུད་དང་དཔྱད་ཀློག་ཞིབ་མོར་བྱེད་དགོས་པ་གནད་གཉིས་པའོ།། དེ་ནས་ཐོག་མའམ་མགོ་ཁུངས་ཀྱི་རྒྱུ་ཆ་ནས་རིམ་བྱུང་གི་རྒྱུ་ཆ་དག་ཕན་ཚུན་ཞིབ་ཅིང་ཕྲ་བར་བསྡུར་ཏེ་མཐར་དཔྱད་འབྲས་བརྗོད་དགོས་པ་གནད་གསུམ་པའོ།། ཞེས་གསུངས་ཤིང་ཕུགས་ཀྱི་འདུན་མ་བོད་ཀྱི་ཤེས་རིག་དང་གནའ་དཔེ་འཚོལ་སྡུད། གཞོན་སྐྱེས་ཕུགས་རེ་ལྡན་པ་སོགས་ལ་དགོངས་ནས་བོད་ཀྱི་ཆོས་རིག་ལ་ཞབས་ཞུ་གང་ལེགས་ཞུས་དང་ཞུ་བཞིན་སྐུ་འཚོ་ཞིང་བཞུགས་བཞིན་པ་ལགས་སོ།། །།