国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐ་སྙད་ནང་གི་རི་མོ།

གསེར་ལུང་པདྨ་གད་པའི་ཟེའུ་འབྲུ་རུ།།

འཕགས་ཚོགས་བུང་བ་གཡོ་བའི་ཟུར་ཁ་ནས།།

དད་འདུན་སྙིང་གི་པདྨོ་ཁ་ཕྱེས་ཏེ།།

རེ་བ་རེ་བས་འགྲུབ་པའི་སྨོན་འདུན་ཞུས།།

དུང་དུང་ཡིད་ཀྱི་བརྟན་པ་འཕྲོག་པའི་ཞིང་།།

མཇལ་བའི་ལས་སྐལ་རེ་རེ་ཐོབ་པའི་མོད།།

བདག་སེམས་ཀུན་གཞི་ཡངས་མོའི་ཕ་མཐའ་རུ།།

མ་བཅོས་ཚོར་བའི་མེ་ཏོག་ཡང་ཡང་བཏབ།།

ཤར་ཕྱོགས་ཟླ་བ་འཛུམ་པའི་ཉ་ག་འམ།།

ཡིད་ཀྱི་རི་དྭགས་རྒྱུ་བའི་སྲང་ལམ་ནས།།

ཞེ་འདང་ཉི་མ་འཚེར་བའི་དུང་སེམས་ཀྱིས།།

བྱང་ཕྱོགས་གཡུ་ལོ་རྒྱས་པའི་རི་ལ་བལྟས།།

རི་དེ་གུར་གུམ་སྤུང་བའི་ལུང་ཤོད་འདྲ།།

ཚིག་འདི་གསེར་གྱི་རི་མོ་བྲིས་དང་མཚུངས།།

སྒྲ་འཛིན་རི་དྭགས་པུར་གྱིས་བསླུས་པ་བཞིན།།

དུང་ཞེན་གཅིག་ཏུ་སྦྲེལ་བའི་ཉམས་ལ་ཆགས།།

ཚོར་བ་གླུ་དང་འདྲེས་པའི་སྐབས་དག་དང་།།

རྨི་ལམ་མངོན་སུམ་མྱོང་བའི་སྐད་ཅིག་དག།

བདེ་སྡུག་རོལ་མོ་དཀྲོལ་བའི་སེམས་ཉིད་ཀྱི།།

བརྩེ་བའི་བཟི་ཁ་མཚོན་པའི་མཚོན་རྟགས་ཡིན།།

འཁོར་ཞིང་འཁོར་བའི་དག་ཞིང་གཞན་ཞིག་ནས།།

མཛེས་ཤིང་འཛུམ་པའི་བཞིན་རས་དེ་ཁོ་ནར།།

བདག་ཡིད་སྐྱེད་མོའི་ཚལ་གྱི་དོ་ར་ནས།།

སྙན་ཚིག་ཟིལ་བའི་མུ་ཏིག་ལན་མང་གཏོར།།

འུར་འུར་ཟིང་ཟིང་རྒོད་པའི་དེང་དུས་འདིར།།

མི་འགྱུར་གཤིས་ཀྱི་སྒམ་ཚུགས་སྲ་བ་ཡི།།

ལུས་སེམས་བྱིས་པ་སྲུང་བའི་བྱེད་པོ་ལ།།

དགའ་སྡུག་སླ་བའི་ཁོག་པ་ཡང་ཡང་བསྟན།།

སྟོན་ཀའི་ཤིང་ལོ་བདག་སེམས་གཉོམ་པོ་བཞིན།།

ཡུད་ཙམ་སྐྱོ་བའི་རང་གཟུགས་ངོམ་དང་ལྷན།།

བསིལ་འཇམ་རླུང་བུས་ཡར་མར་བདས་པའི་ཚེ།།

གྱེས་བྲལ་ཕྱག་གི་བདེ་མོ་ལན་གསུམ་ཕུལ།།

མི་རྟག་བསུ་མས་སོ་སོ་བཀར་ན་ཡང་།།

རྒྱང་རིང་འཚོ་བའི་གྲུ་ཟུར་རེ་རེ་ནས།།

དྲན་པའི་གདུང་བ་ཚིགས་སུ་བཅད་དེ་ནི།།

ཕལ་བའི་མི་ཚེ་ཕལ་བའི་ས་ནས་བསྐྱལ།།

ལོ་ཟླ་ཆུ་བོ་བཞིན་དུ་མདུན་ནས་རྒྱུག།

མི་ཚེ་མར་མེ་བཞིན་དུ་ཟད་ན་ཡང་།།

ཚེ་རབས་གཤིས་སུ་ཐིམ་པའི་ཁྱོད་ཉིད་དང་།།

ལས་ཀྱི་སྙན་ངག་མི་ཚེའི་གཏན་གྲོགས་ཡིན།།

༼ འོད་འཛིན་མ། ༽