国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙན་ཆང་གིས་བཟི་ བའི་ན་ཆུང་།

གསོན་ངོགས་འཇིག་རྟེན་སྒྱུ་མ་ཡི་གྲོང་ནས།།

དགའ་ཕྱོགས་འཚོ་བའི་དབྱངས་རྟ་དེ་འགུགས་བཞིན།།

སྣ་ཚོགས་ཚོར་འདུའི་གར་སྟབས་ལ་རྩེན་ན།།

སྐྱིད་ཀྱི་སྣང་བའི་ཡོ་ལང་རེ་རྒྱས་ཡོང་།།

དབྱངས་གསལ་ཡི་གེའི་མེ་ཏོག་གི་ཚོགས་ལ།།

ཞེན་ཆགས་མིག་ཟུང་ཕར་ཕར་དུ་ཕྱོགས་ནས།།

འདིར་སྣང་འཁོར་བའི་སྐྱིད་སྡུག་གི་རི་མོ།།

གཞས་སུ་འཐེན་པ་གཞོན་ཆུང་གི་འགྲོས་རེད།།

མ་གཉིད་འཚོ་བའི་སྣང་བརྙན་གྱི་བསྡུས་གཟུགས།།

གཉིད་དུས་རྨི་ལམ་སྣ་ཚོགས་ཀྱི་སྣང་བ།།

ཡོད་ཚད་སྙན་མོའི་དབྱངས་རྟ་རུ་དྲངས་ཏེ།།

ལྷོད་ཆགས་ཞི་བའི་རི་གྲོང་དུ་ཆས་འགྲོ།།

རྫོགས་མེད་ལས་བྲེལ་བྱ་གཞག་གི་ཀློང་ནས།།

ལུས་སེམས་དལ་བའི་དུས་ཚིགས་ཤིག་དཀོན་རུང་།།

སྒྱུ་འཕྲུལ་ཚིག་ཚོགས་མགྲིན་ངག་ཏུ་གྱེར་ཏེ།།

དབྱངས་ཀྱི་འཇིག་རྟེན་འགྲིམ་རྒྱུ་ལ་གོམས་ཡོད།།

གུ་ཡངས་གཙང་པོའི་བཞུར་རྒྱུན་དང་འགྲོགས་ཏེ།།

སྙན་ཆང་བདུད་རྩི་ངོམས་མེད་དུ་རྔུབ་བཞིན།།

ཚེ་ཡི་འདུ་བྱེད་སྤྲོ་ཉམས་ཀྱིས་རྫོགས་ན།།

འཚོ་བའི་སྙིང་པོ་དེ་ལས་གཞན་མི་དགོས།།

ལྷིང་འཇགས་ལྗོན་པའི་བསིལ་གྲིབ་ཀྱི་འོག་ནས།།

སྙན་ཚིག་ཟླ་བའི་འོད་མདངས་དེ་འཚོལ་བཞིན།།

འབྱུང་འགྱུར་རྨི་ལམ་བརྒྱ་སྟོང་ལ་རེ་བའི།།

ན་ཆུང་སྣང་དྭངས་སྤྲིན་དཀར་དང་འདྲ་སོང་།།

ལན་གཅིག་མི་ཚེའི་འགྲུལ་བཞུད་ཀྱི་ཁྲོད་ནས།།

དཀའ་སྡུག་འཚོ་བའི་རི་ལུང་དེ་བརྒལ་དུས།།

ནང་སེམས་བསླུ་མེད་འཁྲེང་ཡུལ་གྱི་མཆོག་ནི།།

ལས་འཕྲོའི་ཐ་སྙད་འདི་དག་ལས་མི་འདུག །

༼ འཇོ་མདའ་པདྨ། ༽