国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱ་བོད་ཡིག་སྒྱུར་གྱི་ཐབས་ལམ་དང་མིང་བརྡ་གཅིག་གྱུར་ བྱེད་ཐབས་སྐོར་གྱི་བསམ་གཞིག་རགས་རིམ།

ཚང་མས་ཤེས་གསལ་ལྟར། ཡིག་སྒྱུར་ལ་བརྟེན་ནས་ང་ཚོས་འཛམ་གླིང་གི་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་རྣམས་འདྲེན་བྱེད་དབང་པོས་ལོངས་སུ་སྤྱོད་ཐུབ་ཅིང་། ང་ཚོ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པས་ཕན་ཚུན་སྤེལ་རེས་དང་འབྲེལ་བ། སློབ་སྦྱོང་བཅས་བྱས་པ་བརྒྱུད་མི་རིགས་རིག་གནས་ཡར་རྒྱས་གོང་འཕེལ་དུ་གཏང་དགོས་པ་རེད། ཡིག་སྒྱུར་ལས་དོན་ནི་མི་རིགས་ཕན་ཚུན་བར་སྤེལ་རེས་མཉམ་འདྲེས་ཡོང་བའི་འབྲེལ་ཟམ་ལྟ་བུར་གྱུར་ཅིང་། དེང་སྐབས་ས་ཆ་ཀུན་ཏུ་ཆེད་ལས་ལོ་ཙཱ་བ་དང་ལས་ཞོར་ལོ་ཙཱ་བ་མང་པོ་ཐོན་ཏེ་རྒྱང་སྒྲོག་དང་བརྙན་འཕྲིན། ཚགས་པར། དུས་དེབ་སོགས་རྒྱ་བོད་ཡིག་སྒྱུར་བྱས་ནས་སྲིད་ཇུས་དྲིལ་སྒྲོག་དང་རིག་གནས་སྤེལ་རེས། དཔལ་འབྱོར་གོང་འཕེལ་གཏོང་བཞིན་ཡོད་པ་དུས་རབས་ཀྱི་འཕེལ་ཕྱོགས་ཤིག་ལོས་ཡིན། དེས་ན་ཡིག་སྒྱུར་གྱི་སྤུས་ཚད་མཐོར་འདེགས་ཡོང་བར་ཡིག་སྒྱུར་ཐབས་ལམ་ཡག་དག་དང་མིང་བརྡ་གཅིག་གྱུར་ཡོང་བ་ནི་དགོས་པ་གལ་ཆེ་བ་ཞིག་ཡིན་པས། དེའི་སྐོར་རགས་ཙམ་གླེང་ན།

གཅིག། ཡིག་སྒྱུར་ཐབས་ལམ།

ཡིག་སྒྱུར་ནི་རིག་གནས་བྱེ་བྲག་ཅིག་གི་ཁྱབ་ཁོངས་ལས་བརྒལ་ནས་རིག་གནས་གཞན་དང་འབྲེལ་འདྲིས་བྱེད་པའི་ལག་ཆ་ཞིག་ཡིན་པས། ཡིག་སྒྱུར་ལས་ལ་འཇུག་པའི་རྩ་བའི་ཆ་རྐྱེན་ནི་བསྒྱུར་བྱའི་སྐད་དང་སྒྱུར་བྱེད་སྐད་རིགས་གཉིས་ལ་བྱང་ཆུབ་དགོས་པ་དེ་རེད། དེ་ཡང་ང་ཚོའི་བོད་ཀྱི་ལོ་ཙཱའི་རིགས་གཞུང་ཐོག་མར་གྲགས་པའི《སྒྲ་སྦྱོར་བམ་གཉིས》ནང་དུ་འགྱུར་གྱི་རིགས་གཞུང་ལས་བསྒྱུར་བའི་ཚུལ་བཞི་བཤད་ཡོད་དེ། བསྒྱུར་བྱའི་སྒྲ་དེ་ཐོག་མར་གང་ནས་བྱུང་བ་ནས་རིམ་བཞིན་ཡུལ་གཞན་དུ་དར་བའི་ཚེ་ཡུལ་སོ་སོའི་སྐད་བརྒྱུད་པ་དང་བསྒྱུར་བྱའི་སྒྲ་དེ་གང་དུ་འགྱུར་བའི་སྐད་ཡིག་དེ་ཉིད་སྤྱོད་པའི་མི་ལ་མ་བསྒྱུར་གོང་དུ་རྒྱུས་ཆུང་བའི་དབང་གིས་དང་པོར་བསྒྱུར་དུས་སྒྲ་དེ་དེ་ལྟར་ཆགས་པའི་རྒྱུ་མཚན་གསལ་བྱེད་དང་བཅས་ཏེ་བསྒྱུར་བའི་ཐབས་ལ་བརྒྱུད་དེ་བསྒྱུར་བ་ཟེར།། བསྒྱུར་བའི་ཚུལ་འདི་ཐོག་མར་རྒྱ་གར་གྱི་བརྡ་སྤྲོད་པའི་ལུགས་ཀྱི་ཉེར་བསྒྱུར་གྱི་རྐྱེན་ཐ་དད་དང་འཕྲད་ཚེ་སྤྱོད་པ་ཡིན། མིང་གཅིག་དོན་དུ་མ་ལ་ཐུག་པ་ལས་སྐབས་ཐོབ་ཀྱིས་དོན་གང་རུང་ཞིག་ཏུ་བསྒྱུར་བའི་ཚུལ་ཏེ་བསྒྲུབས་ཏེ་བསྒྱུར་བ་ཟེར། མ་ཡིག་གི་གོ་རིམ་སྔ་ཕྱི་འཆོར་བར་བྱས་ནས་བསྒྱུར་བས་ན་ཐད་ལོག་ཏུ་བསྒྱུར་བ་ཞེས་བྱའོ།། གོང་དུ་སོང་བའི་བརྒྱུད་དེ་བསྒྱུར་བ་དང་བསྒྲུབས་ཏེ་བསྒྱུར་བ། ཐད་ལོག་ཏུ་བསྒྱུར་བའི་ཚུལ་གསུམ་ལས་ལོགས་སུ་གྱུར་པ་ཀུན་ལ་ཐད་སོར་བསྒྱུར་བ་ཞེས་བརྗོད་དོ།། དེ་ལྟར་སྔོན་བྱོན་མཁས་པའི་ཕྱག་བཞེས་བསྒྱུར་བའི་ཚུལ་བཞི་ཞེས་པ་འདི་ད་ལྟའི་ལོ་ཙཱ་དག་གིས་ལག་ལེན་ལ་བཏབ་པའི་བསྒྱུར་ཚུལ་ནི་རིགས་འདི་བཞི་བརྒལ་བ་ཞིག་ནི་མེད་དོ།།

གཉིས་པ། དུས་རབས་འདིའི་ནང་བྱུང་བའི་

ཡིག་བསྒྱུར་བའི་འགན་ཁུར།

ལོ་རབས་བརྒྱད་ཅུ་པ་ནས་བོད་དུ་ཡིག་བསྒྱུར་གྱི་བྱ་བའི་ཆུ་བོ་རབ་ཏུ་བྲུག་ཏེ་སྔར་གྱི་བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་ཚིག་མཛོད་རབ་དང་རིམ་པ་རྩོམ་སྒྲིག་གི་རྒྱུན་བསྐྱངས་པས་ལེགས་གྲུབ་བྱུང་ཏེ་བོད་ཀྱི་སྐད་གཉིས་ལོ་ཙཱ་བ་དག་ལ་མཐོང་བྱེད་མིག་བསྩལ་བ་བཞིན་དུ་ཡིག་བསྒྱུར་གྱི་བྱ་བ་འཕེལ་རྒྱས་ཀྱི་དབུ་ལེགས་པར་ཚུགས། སྐབས་དེ་དུས་སུ་ཡིག་བསྒྱུར་བྱ་བ་དེ་གཙོ་བོ་གོང་རིམ་གྱི་ཡིག་ཆ་བོད་ཡིག་ཏུ་བསྒྱུར་བ་དང་། ཕྱི་ཡི་སྔོན་ཐོན་རྩོམ་རིག་གི་སྐོར་དང་ཚན་རིག་གི་སྐོར། རིག་གནས་ཀྱི་སྐོར་སོགས་བསྒྱུར་དང་སྒྱུར་མུས་སུ་ཡོད་པ་འདིས་བོད་ཀྱི་སློབ་གསོ་དང་རིག་གནས་འཕེལ་རྒྱས་ཐད་གསུབ་ཏུ་མེད་པའི་བྱས་རྗེས་བཞག་ཡོད་པ་རེད། དེས་ན། དུས་རབས་ཉེར་གཅིག་པར་ང་ཚོའི་མདུན་དུ་ལྷག་པའི་ཡིག་སྒྱུར་གྱི་ལས་འགན་ནི་སྔར་ལས་ལྡབ་འགྱུར་གྱིས་ལྕི་བའི་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་ཏེ་དུས་རབས་ཉེར་གཅིག་པ་ནི་གློག་རྡུལ་རྩིས་འཁོར་དང་ཚན་རྩལ་ཤེས་རིག་འཕེལ་རྒྱས་ཧ་ཅང་མྱུར་བའི་དུས་རབས་ཤིག་ཡིན། འཛམ་གླིང་གི་དུས་བབས་ལ་དཔག་ན་རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་ཡང་ཚན་རྩལ་འགྲན་བསྡུར་གྱི་ཚོང་རའི་ནང་ཞུགས་རྒྱུ་ནི་འབྱུང་འགྱུར་རང་ཉིད་འཛམ་གླིང་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོ་འདིའི་ནང་རྐང་པ་ཚུགས་ཐུབ་མིན་ལ་རག་ལས་ཡོད། དུས་རབས་ཉེར་གཅིག་པར་ང་ཚོའི་མདུན་དུ་ལྷག་པའི་ཡིག་སྒྱུར་ནི་ཚན་རིག་ལག་རྩལ་གྱི་གཞུང་ལུགས་ནང་འདྲེན་བྱ་རྒྱུའི་ཡིག་སྒྱུར་ཡིན། སྔོན་ཐོན་གྱི་ལག་རྩལ་ཡུན་ཐུང་ནང་ནང་འདྲེན་བྱེད་ཐུབ་མིན་དང་། མྱུར་དུ་ཁྱབ་གདལ་གཏོང་ཐུབ་མིན་གྱི་གནད་དོན་དེ་ཚན་རིག་ལག་རྩལ་གྱི་གཞུང་ལུགས་གསར་པ་ཡིག་སྒྱུར་ཐུབ་མིན་དང་འབྲེལ་བ་དམ་ཟབ་ཡོད།

གསུམ། ཡིག་སྒྱུར་དང་མིང་བརྡ་གཅིག་གྱུར་བྱེད་ཐབས།

ཡིག་སྒྱུར་གྱི་བྱ་བ་འདི་ནི་ང་ཚོ་མི་རིགས་འདིའི་དར་རྒུད་ལ་འབྲེལ་བ་ཡོད་པའི་བྱ་གཞག་རླབས་ཆེན་ཞིག་ཡིན། ཐོག་མར་ཞིང་ཆེན་རིམ་པའི་མི་རིགས་སྐད་ཡིག་གཞུང་ལས་ཁང་རྣམས་མཉམ་འབྲེལ་སྒོས་བོད་འབྲེལ་ས་ཁུལ་སྤྱིའི་ཡིག་སྒྱུར་ཐད་ཀྱི་མིང་བརྡ་གསར་པ་དང་རྩོམ་རིག་ཁྲོད་ཀྱི་མིང་བརྡ་གསར་པ་གཅིག་གྱུར་བྱེད་པའི་ལས་ཁུངས་ཤིག་ཆེད་མངགས་སྒྲིག་འཛུགས་བྱས་ཐོག། མི་རིགས་སློབ་གླིང་སོ་སོའི་ཡིག་སྒྱུར་ཆེད་ལས་མཁས་པ་དང་བོད་ཡིག་དགེ་རྒན་བཅས་པའི་ཐུན་མོང་གི་བློ་གྲོས་ལ་བརྟེན་ནས་གསར་དུ་བསྒྱུར་པའི་མིང་བརྡ་རྣམས་དོན་མི་འཛོལ་མི་ལོག་པར་གནད་ལ་ཁེལ་ཅིང་ཀུན་གྱིས་གོ་སླ་བ་ཞིག་ཡོངས་ལ་གཅིག་གྱུར་གྱི་བེད་སྤྱོད་བྱས་ན་བོད་སྐད་གཅིག་གྱུར་དང་ས་གནས་འབྲེལ་བ།ས་གནས་བར་གྱི་མཐུན་སྒྲིལ་སོགས་ཕྱོགས་གང་ཅིའི་ཐད་དགེ་མཚན་ཆེ་བར་མངོན།

གོང་ན་བཤད་ཟིན་པ་ལྟར་འབྲེལ་ཡོད་རྩ་འཛུགས་ཀྱི་ལྟ་སྐུལ་དང་རྩ་ཁྲིམས་ཀྱི་ཁག་ཐེག་འོག་ས་གནས་སོ་སོའི་མི་རིགས་དཔེ་སྐྲུན་ཁང་དང་པར་སྐྲུན་ཁང་གིས་དཔེ་ཆ་དང་དུས་དེབ་སོགས་པར་སྐྲུན་བྱེད་སྐབས་མིང་བརྡ་གསར་པ་རྣམས་ལ་འབྲེལ་ཡོད་རྩ་འཛུགས་ཀྱི་ཆོག་མཆན་མེད་པར་སྐྲུན་བྱེད་མི་ཆོག་པ་དང་། གལ་ཏེ་པར་སྐྲུན་བྱས་ན་པར་སྐྲུན་བྱེད་སའི་དཔེ་སྐྲུན་ཁང་ངམ་ལས་ཁུངས། མི་སྒེར་སོགས་ཀྱིས་རང་འདྲེན་གྱི་མི་རིགས་སྐད་ཡིག་ལ་འགན་འཁུར་བའི་སྒོ་ནས་ལག་ལེན་བསྟར་དགོས། དེ་མིན་རྒྱང་སྒྲོག་དང་གློག་བརྙན། གློག་དྲྭ་སོགས་ཀྱིས་ཀྱང་མིང་བརྡ་གསར་པ་རྣམས་གཅིག་གྱུར་ལས་ཁུངས་ཀྱིས་གསར་བྱུང་གི་མིང་བརྡ་དང་ཡིག་སྒྱུར་ཁྲོད་ཀྱི་མིང་བརྡ་རྣམས་གཅིག་གྱུར་གྱིས་གཏན་ལ་ཕབ་པ་ཇི་བཞིན་བཀོལ་སྤྱོད་བྱེད་པ་དང་། དེ་ལྟར་མ་སྤྱད་པར་གང་འདོད་དུ་བཀོལ་ན་མི་སྒེར་རམ་ལས་ཁུངས་ཀྱིས་རྩ་ཁྲིམས་ལྟར་འགན་ཁུར་རྒྱུ་བྱས་ཏེ་ཁྱབ་བརྡལ་དུ་བཏང་ན་སྤྱིའི་སྐད་བརྡ་གཅིག་གྱུར་བྱ་གཞག་ལ་ཕན་བླ་ན་མེད་པ་ཐོབ་པའོ།། གཞན་ཡང་སློབ་གྲྭ་ཆེ་འབྲིང་ཆུང་སོགས་ཀྱི་དགེ་རྒན་རྣམས་ཀྱིས་ཀྱང་སློབ་བུ་རྣམས་ལ་གཅིག་གྱུར་བྱས་པའི་མིང་བརྡ་གསར་པ་རྣམས་བཀོལ་སྤྱོད་དང་ངོ་སྤྲོད་བྱས་ཏེ་སློབ་བུ་ཚོ་ཡི་གེ་ངོས་གཙང་བར་དོ་སྣང་བྱེད་པའི་འདུ་ཤེས་ཤིག་གསོ་སྐྱོང་བྱེད་ཐུབ་པ་བྱུང་ན། ཡིག་སྒྱུར་གྱི་ཐ་སྙད་གཅིག་གྱུར་ཡོང་བ་ལ་ཕན་ཐོགས་ཆེན་པོ་ཡོད་པར་མ་ཟད་སླད་ཕྱིན་སྐད་ཡིག་རིག་གནས་ཀྱི་འཕེལ་རྒྱས་བྱ་གཞག་ལ་སྲི་ཞུ་བླ་ན་མེད་པ་ཞུ་བ་དེའོ།།

༼ རྟ་མགྲིན་རྡོ་རྗེ། ༽