国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཛམ་གླིང་མཐོ་སྒང་གི་གདོད་མའི་རང་རྣམ་བསྟན།། ལི་ཐང་གནའ་གྲོང་གི་རིག་གནས་འཕར་རྩ་བཟང་།།

12502_ym01b_20260731གནའ་གྲོང་དུ་ཡུལ་སྐོར་བའི་འདུ་ལོང་ཆེ།

12504_ym01b_20260731ཐགས་མ་ཚོས་བལ་གདན་འཐག་བཞིན་པ།

12503_ym01b_20260731ཡུལ་སྐོར་བས་བོད་ཡིག་ཡིག་གཟུགས་སྦྱོང་བཞིན་པ།

གཅིག།

མཚོ་འཕགས་སྨི4000ལྷག་ཡོད་པའི་མཁའ་དབྱིངས་གྲོང་ཁྱེར་ཞེས་མིང་གྲགས་ས་ཁྱོན་འཛིན་མར་ཁྱབ་པའི་ལི་ཐང་གི་སའི་ཆ་ཤས་སུ་གྱུར་པའི་ལི་ཐང་གནའ་གྲོང་སྟོང་ཁྱིམ་ཕྲ་མོའི་ལོ་རྒྱུས་ཀྱི་གཏིང་མཐུག་པར་མ་ཟད། གསོན་ཉམས་ལྡན་པའི་རིག་གནས་ཀྱི་འཕར་རྩ་དྲག་ཏུ་ལྡེག་བཞིན་ཡོད། དེ་ནི་རྒྱལ་ཁབ་ཀྱིAབཞི་རིམ་པའི་ལྗོངས་ཁུལ་ཞིག་ཡིན་ལ། གནའ་བོའི་ཤེས་དཔལ་དང་དེང་རབས་འཕེལ་རྒྱས་མཉམ་འདྲེས་གང་ལེགས་ཡོང་བའི་མ་དཔེ་མིག་མཐོང་ལག་ཏུ་ཟིན་པ་ཞིག་ཀྱང་རེད།

ས་ཆ་དེར་སླེབས་པ་ན་ཡུལ་དུས་ཀྱིས་བསྐལ་སོང་བའི་སྣང་བ་རྩ་བ་ནས་མེད་ཅིང་། འཆར་འགོད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1.5ཡིན་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཕྱུག་པའི་བོད་ལུགས་ཡུལ་མིའི་གཞིས་ཁང་སྟོང་བཞི་ལྷག་རི་ལ་བརྟེན་ནས་བསྐྲུན་པ་དང་བམ་རིམ་བརྩེགས་པ་ལྟར་གནས་པ་ནི་ས་གཞི་ཆེན་པོར་མུ་ཏིག་ཚོམ་བུ་བརྡལ་བ་དང་ཨ་ན་མ་ན་རེད། ས་འདི་ནི་ཁམས་ཀྱི་རིག་གནས་འབྱུང་ཁུངས་ཡིན་ལ། བོད་ཆའང་དབྱིས་སོགས་མི་རིགས་ཀྱི་རིག་གནས་མཉམ་དུ་འདུས་པའི་བཞི་མདོ་ཡང་ཡིན། 2017ལོ་ནས་བཟུང་ལི་ཐང་རྫོང་གིས་རིག་གནས་བླ་སྲོག་ཏུ་བྱེད་པ་དང་ཡུལ་སྐོར་གཤོག་ཟུང་དུ་བྱེད་པ། སྐྱེ་ཁམས་རྨང་གཞིར་བྱེད་པ། དམངས་འཚོ་རྩ་བར་བྱེད་པ་བཅས་ཀྱི་འདུ་ཤེས་ལ་བརྟེན་ནས་གནའ་ཉམས་དོད་པའི་ས་ཆ་དེ་རིག་གནས་བཤམ་སྟོན་དང་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན། ཡུལ་སྐོར་མྱོང་རོལ། ཐོན་ལས་གསོ་སྐྱོང་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཕྱོགས་འདུས་ཅན་ཞིག་ཏུ་བསྐྲུན་ཡོད།

གཉིས།

ལྗོངས་ཁུལ་དུ་ཡོད་པའི་དངོས་མང་བཤམ་སྟོན་ཁང་ཕྲན་ཚོགས་ནི་དེ་གའི་བླ་སྲོག་གནས་ས་ཡིན། ཧྥ་རན་སིའི་ཇུས་འགོད་པ་ཝང་ཝུའུ་ཀྲི་ཡིས་བསྐྲུན་པའི་ཁམས་པའི་དངོས་མང་ཁང་ནི་ལོ་བརྒྱ་ལྷག་ལོན་པའི་ཁང་རྙིང་ཞིག་གཞི་གདན་དུ་བྱས་ཤིང་། གསོན་ཉམས་དོད་པའི་པྲ་བརྙན21སྤྱད་དེ་ཁམས་པའི་གནའ་བོའི་འཚོ་བའི་སྣང་ཡུལ་སླར་བཞེངས་བྱས་པ་སྟེ། གནའ་བོའི་ཇ་འདྲེན་བདལ་ལམ་གྱི་ཉོ་ཚོང་གནས་ཚུལ་དང་ཐབ་མེ་འགྲམ་དུ་ཇ་དཀྲུགས་མ་བཟོ་བའི་རྣམ་པ་དྲོད་སྐྱིད་ཁེངས་པ།གཉེན་སྒྲིག་གོམས་སྲོལ་ཁྲོད་ཀྱི་དགའ་སྐྱིད་རྣམ་པ་རབ་ཏུ་མངོན་པ། ཐ་ན་ཇ་ཕོར་ཆུང་ཆུང་ཞིག་ནས་དངུལ་སྒོར་རྙིང་པ་ཞིག་ཡན་ཆད་ཀྱི་བཤམ་རྫས་ཚང་མ་ལ་ལོ་ཟླའི་དྲོད་ཁོལ་གྱིས་ཕྱུག་ཡོད། ཡུལ་མི་སྡོད་ཁང་ལས་བསྒྱུར་བཀོད་བྱས་པའི་ས་རྫ་དང་བསླས་འཐག་དངོས་མང་ཁང་དུ་ལོ་ངོ་བཞི་སྟོང་ལྷག་དར་ཁྱབ་བྱུང་བའི་འབུམ་པ་ཡུལ་ཤོག་གི་རྫ་ཆས་ནག་པོ་བཟོས་བའི་བཟོ་རྩལ་བསྐྱར་དུ་མངོན་ཞིང་། རྒྱུན་ཆད་ལ་ཉེ་བའི་ལག་རྩལ་ལ་སྐྱེ་སྟོབས་འབར་དུ་བཅུག་པ་དང་ཆབས་ཅིག། སྲོལ་རྒྱུན་བལ་རྩིད་ཀྱི་བསླས་འཐག་ལག་རྩལ་ཡོངས་སུ་བསྟན་ཡོད། གནས་དེ་ནི་དངོས་མང་ཁང་ཙམ་དུ་མ་ཟད། ལོ་རྒྱུས་ཕུན་སུམ་ཚོགས་པའི་དྲན་ཚོར་མེ་ལོང་ཡིན་ལ། སྔོན་རབས་མེས་པོའི་ཤེས་རབ་ཀྱི་བརྒྱུད་འཛིན་བྱ་ཡུལ་དུ་ཡང་གྱུར།

ཨ་ཅེ་ལྷ་མོའི་དངོས་མང་ཁང་ཆུང་གྲས་སུ་བསྐྱོད་དུས་བར་ཐོག་ཏུ་ཨ་ཅེ་ལྷ་མོའི་ཞལ་འབག་དང་དབྱངས་ཡིག། རོལ་ཆས་རྩ་ཆེན་སོགས་བཞག་ཡོད་ཅིང་། དེ་དག་གིས་བོད་རིགས་ཟློས་གར་གྱི་ལོ་རྒྱུས་ཡུན་རིང་མཚོན་གྱིན་ཡོད། ཞབས་ཐོག་ཏུ་ནམ་རྒྱུན་ཛ་དྲག་ཆེ་བའི་སྔོན་འཁྲབ་མཇལ་ཆོག་ལ། སྙན་ཞིང་འཇེབས་པའི་ངག་རྟ་དང་བརྗིད་ཉམས་ལྡན་པའི་རྔ་སྒྲ་མཐོ་སྒང་གི་མཚན་མོའི་མཁའ་དབྱིངས་སུ་ཆད་མེད་གྲག་ནས་ཡོད། དུས་རབས་བཅོ་ལྔ་ལས་བྱུང་བའི་ཨ་ཅེ་ལྷ་མོའི་ཟློས་གར་གྱིས་ལི་ཐང་རྫོང་གི་ས་ཆ་འདིར་ཁམས་ཁུལ་གྱི་གནའ་དེང་གི་སྒྱུ་རྩལ་སྙིང་བཅུད་བསྡུས་པ་དང་། དེར་སྐོར་བྲོ་དང་ཡུལ་སྐད་སོགས་ས་གནས་དེ་གའི་ཁྱད་ཆོས་མངོན་པར་བསྲེས་པས་ཐུན་མོང་མ་ཡིན་པའི་ཁྱད་སྲོལ་ཆེན་པོ་ལྡན་པར་མ་ཟད། 2016ལོར་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས་ཀྱི་གྲས་སུ་བཅུག་པ་རེད།

ཧི་མ་ལ་ཡའི་སྒྲ་དབྱངས་དངོས་མང་ཁང་དུ་ཕྱིན་པ་ན། ཁྱེད་རང་གནམ་ས་གཞན་ཞིག་ཏུ་ཁྲིད་པའི་སྣང་བ་སྟེར་ཐུབ། འདི་ནི་དེ་སྔོན་ལི་ཐང་རྫོང་གི་གྲོང་སྡེ་ཆེས་རྙིང་གྲས་ཤིག་ཡིན་ལ། ད་ཆར་ལི་ཐང་རྫོང་གི་ཚངས་དབྱངས་ཁང་དུ་བསྒྱུར་ནས་བོད་འབྲེལ་ས་ཁུལ་གྱི་ཧི་མ་ལ་ཡའི་སྒྲ་དབྱངས་དངོས་མང་ཁང་ཐོག་མ་དེ་གྱུར་ཡོད། དེ་གར་གནའ་བོའི་རོལ་ཆས་དང་ངོ་མཚར་ཆེ་བའི་དབྱངས་ཡིག་བཤམས་ཡོད་ཅིང་། ཁྱེད་ཀྱིས་ལྷད་མེད་དྭངས་གཙང་གི་གཉིད་འགུག་དབྱངས་རྟ་དང་རྟའི་རྨིག་སྒྲ། གླུ་སྒྲ་བཅས་ལ་མྱོང་རོལ་བྱེད་ཆོག།

དེ་བས་ངོ་མཚར་ཆེ་བ་ནི་ཇུས་འགོད་པ་དང་དབྱངས་སྡུད་ཆེད་རམས་པས་འདིར་ཨ་མའི་གླུ་དང་རྩྭ་ཐང་གི་གླུ། དགེ་བརྙེན་གྱི་གླུ་སོགས་ཁྱད་ཆོས་མངོན་པར་གསལ་པའི་དབྱངས་བཞི་བཟོས་ནས་སྒྲའི་ཕོ་བྲང་འདི་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

ས་དེ་ན་དམག་དཔོན་ཨ་པ་ཨ་བློ་དང་འཇམ་དབྱངས་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་གྱི་བཞུགས་གནས་མཇལ་ཆོག་ཅིང་། དམག་དཔོན་ཨ་པ་ཨ་བློའི་མཛད་རྗེས་ཁང་དང་ཁམས་པའི་ཡིག་ཚང་ཡོ་བྱད་ཁང་ལས་རྒྱལ་གཅེས་དམག་དཔོན་དེའི་བརྗིད་ཉམས་རྒྱུས་ལོན་བྱུང་ཐུབ།

དངོས་མང་བཤམ་སྟོན་ཁང་ཕྲན་ཚོགས་སུ་དལ་བུར་བསྐྱོད་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་མྱོང་རོལ་བྱེད་པ། བོད་ལྭ་གྱོན་ནས་པར་ལེན་པ་བཅས་ནི་ཡུལ་སྐོར་བ་ཚོའི་དགའ་སྤྲོ་ཆེ་ཤོས་སུ་གྱུར་ཡོད། ཁྲེང་ཏུའུ་ནས་ཡོང་བའི་བུད་མེད་ཅང་ལགས་ཀྱིས་ཡུལ་སྐོར་བ་ཚོ་བོད་ཁྱིམ་དུ་བསྐྱོད་དེ་ཇ་དཀྲུགས་མ་དང་སྦྲང་དཀར་རྩམ་པ། ཟོག་ཤ་བཅས་ཀྱི་བྲོ་བ་མྱོང་ཆོག་ལ། མཚན་མོར་གེ་སར་ཐང་ཆེན་དུ་སྐོར་བྲོ་འཁྲབ་ཏུ་འགྲོ་ཆོག། ཡུལ་སྐོར་བས་མཐོ་སྒང་བུ་ཕྲུག་གི་མགྲོན་ལ་དགའ་ཞིང་བློ་རྒྱ་ཡངས་པོའི་རང་གཤིས་ལ་མྱོང་ཚོར་བྱེད་ཆོག་པ་དང་བོད་ཡུལ་གྱི་ཡུལ་སྲོལ་གོམས་ཀྱང་ཉམས་སུ་མྱོང་ཆོག་གིན་ཡོད་ཅེས་བཤད་པ་རེད།

གསུམ།

ལི་ཐང་གནའ་གྲོང་སྟོང་ཁྱིམ་ཕྲ་མོ་ནི་རིག་གནས་ཀྱི་བང་མཛོད་ཡིན་པར་མ་ཟད། སྐྱེ་ཁམས་གནས་འཕྲོད་ཀྱི་དཔེ་མཚོན་ཞིག་ཀྱང་རེད། ལྗོངས་ཁུལ་གྱིས་འཛུགས་སྐྲུན་བརྒྱུད་རིམ་དུ་ཐོག་མཐའ་བར་གསུམ་ལ་སྐྱེ་ཁམས་ཀྱི་མཐིལ་ཚད་བརྟན་སྲུང་དང་། ལྗང་ས་འདམ་ར་ཤུགས་ཆེན་བསྐྲུན་པ། མི་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ། སྲོལ་རྒྱུན་འཛུགས་སྐྲུན་སྲུང་སྐྱོང་ལ་ཤུགས་བསྣན་པ། བཙོག་འབུད་བཅོས་སྐྱོང་སྒྲིག་བཀོད་འཐུས་ཚང་དུ་བཏང་བ། སྦགས་བཙོག་འབྱུང་ཁུངས་ཚོད་འཛིན་ནན་པོ་བྱས་ནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་གནས་བབ་བཟང་པོ་བསྐྲུན་ཡོད།

ཡུལ་ལྗོངས་དང་གྲོང་ཁྱེར་མཉམ་དུ་འདྲེས་པ་དང་། ཐོན་ལས་དང་གྲོང་ཁྱེར་གཞི་གཅིག་པ། ལས་གཏོད་དང་གསར་གཏོད་ཀྱི་གསོན་ཤུགས་སློང་བ་ནི་ལི་ཐང་གནའ་གྲོང་སྟོང་ཁྱིམ་ཕྲ་མོས་རང་གིས་བྲིས་པའི་འཆར་རིས་རེད། ལྗོངས་ཁུལ་དང་རྫོང་མཁར་གཞི་གཅིག་ཏུ་འདྲེས་པ་དང་། མགྲོན་ཁང་དང་བཟའ་བཏུང་། ཡུལ་སྐོར་ཚོང་རྫས་བཅས་ཁྲོམ་གཞུང་ཆེ་ཆུང་གང་སར་ཁྱབ་ཡོད་པ་དང་། འབུམ་ནག་རྩྭ་ཐང་ཆེན་པོ་དང་གངས་རི། མཚོ་མཚེའུ། བྲག་དཀར་གནས་རི་སོགས་རང་བྱུང་མཛེས་ལྗོངས་ཧ་ཅང་ཐག་ཉེ་བས་ལྗོངས་ཁུལ་དང་གྲོང་ཁྱེར་མཉམ་འདྲེས་ཀྱི་ཐུན་མོང་མ་ཡིན་པའི་རི་མོ་ཞིག་གྲུབ་ཡོད། དེར་བསྟུན་ལྗོངས་ཁུལ་གྱིས་མང་ཚོགས་དང་ཚོང་དུད་ཀྱི་དཔལ་འབྱོར་ཁེ་ཕན་ལ་ལྟ་རྟོག་བྱ་རྒྱུར་མཐོང་ཆེན་བྱས་ནས་འཕེལ་རྒྱས་གྲུབ་འབྲས་ཀྱིས་ས་གནས་དེ་གའི་མི་དམངས་ལ་ཕན་ཐོགས་པས། མང་ཚོགས་བློ་ཡིད་ཚིམ་ཚད་བརྒྱ་ཆ98ཡན་ལ་ཟིན་ཏེ། གཞིས་མི་སྡོད་སྤྲོ་ལ་མ་དངུལ་འཇོག་མཁན་བློ་བདེ་བ། ཡུལ་སྐོར་བ་སེམས་སྐྱིད་པ་བཅས་ཀྱི་འཕེལ་རྒྱས་གནས་བབ་བཟང་པོ་ཞིག་དངོས་སུ་ཆགས་ཡོད་པ་རེད།

ས་འདི་རུ་མཁའ་དབྱིངས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་ལྡན་པའི་གསེར་གྱི་མིང་བྱང་ཞིག་ཡིན་ལ། ལི་ཐང་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ཡུལ་སྡེ་དར་རྒྱས་ཡོང་བའི་མིག་དཔེ་མངོན་གསལ་ཆེ་བ་ཞིག་ཀྱང་རེད། ལི་ཐང་གནའ་གྲོང་སྟོང་ཁྱིམ་ཕྲ་མོ་ཡིས་ས་གནས་དེ་གའི་རིག་གནས་གསོན་ཉམས་ལྡན་པའི་སྒོ་ནས་བརྒྱུད་འཛིན་བྱས་པར་མ་ཟད། དུས་རབས་གསར་པར་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག་ནས་འཛམ་གླིང་མཐོ་གྲོང་དུ་ནམ་ཡང་ཡལ་བ་མེད་པའི་རིག་གནས་ཀྱི་ངོ་མཚར་གཏམ་རྒྱུད་ཅིག་ཏུ་གྱུར་ཡོད། འབྱུང་འགྱུར་ལི་ཐང་གིས་མུ་མཐུད་དེ་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ཀྱི་ཞིང་སར་གཤིན་པོར་དམིགས་ཤིང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་བཏང་ནས་ལི་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རིག་གནས་ཡུལ་སྐོར་གྱི་སྒུལ་ནུས་སྔར་བས་ཆེན་པོ་བསྣན་ཏེ་མཁའ་དབྱིངས་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་གངས་ལྗོངས་མཐོ་སྒང་དུ་སྔར་བས་འོད་མདངས་རྣམ་པར་འཚེར་བ་བྱ་རྒྱུ་ཡིན་པ་རེད།།

( བདེ་ཆེན་དབང་མོས་བྲིས།)