སྐྱིད་ཀྱི་ཉི་འོད་ནམ་མཁའི་མཐོངས་སུ་ཚེས་ཏེ།།
སྤྲིན་པ་དཀར་པོ་དལ་མོ་ལྷོ་ལ་བཞུད་བཞིན།།
མར་མར་ལྷུང་བའི་གྲིབ་བསིལ་འདབ་མ་དེ་ནི།།
ལྗང་མྱུག་རྒྱས་པའི་ས་གཞི་པང་ལ་བཞད་ཡོད།།
མཐོང་སྣང་མཛེས་པའི་མེ་ཏོག་ལང་ཚོ་དེ་དག །
བསིལ་འཇམ་གཡོ་བའི་རླུང་བུ་ངང་དུ་ཞེན་ཏེ།།
འཇོ་སྒེག་ལྡན་པའི་གར་གྱི་རྩེད་མོར་རོལ་རོལ།།
དབྱར་གྱི་ལྷ་མོ་སེམས་ཀྱི་རུམ་ལ་འཛུམ་འཛུམ།།
གཞས་ལ་བརྩེ་བའི་ཁུ་བྱུག་དབྱངས་ཀྱི་རྒྱལ་མོ།།
སྙན་མོ་མགུར་གྱི་མགྲིན་པའི་རྩ་མདུད་ལྷོད་དེ།།
ནགས་རི་གསེབ་ནས་རྣ་བའི་བུ་གར་འཁོར་ཏེ།།
སྐྱོ་བའི་སྨུག་ཞགས་རེ་འགའ་ཡིད་དུ་གྲོལ་བྱུང་།།
མིག་འབྲས་མཚོ་མོ་སྒེའུ་ཁུང་སྲ་མོ་བརྒྱུད་ནས།།
ཡིད་འོང་ཚེས་པའི་འོད་ཀྱི་འཇའ་རིས་ངང་དུ།།
མགོ་ལྕོག་ལྡེམ་པའི་ལྕང་སྡོམ་ལོ་མར་ཅེར་ཏེ།།
དེ་ཡི་སྟེང་གི་བྱ་ཁྱུ་བབས་པར་གཡེང་ཡོད།།
དྲན་པའི་རྒྱ་མཚོ་ཡུན་ཙམ་ཞི་བར་གྱུར་ཡོད།།
དབྱར་གྱི་འཆར་ཡན་འདི་ལྟར་མིག་ལ་བཀྲ་སྟེ།།
སྙན་མོ་དབྱངས་ཀྱི་རྫིང་བུ་རྣ་ལ་འཇེབས་ཡོད།།
དྭངས་བསིལ་གྱུར་པའི་རྒྱང་བཞུར་ཆུ་བོ་དེ་ནི།།
མི་ཡུལ་མཛེས་པའི་རི་ལུང་ལྟད་མོར་སོང་ནས།།
ཞེན་ཁ་འཐོར་པའི་ཟིལ་པ་དབྱངས་ལ་སྦྱར་ཏེ།།
རྒྱུན་ཆད་མེད་པར་ཀུན་ཏུ་ལང་བར་བྲེལ་ཡོད།།
ཁོ་བོའི་སེམས་ནི་གཡུ་ཡི་སྤང་ལ་བཞད་ཡོད།།
རྣམ་རྟོག་དྲ་བ་འཐེན་པའི་དགའ་ཚལ་ཀློང་དུ།།
མེ་ཏོག་ལྡེམ་ལྡེམ་སྐྱིད་ཀྱི་སྤྲིན་པ་འཁྱིལ་འཁྱིལ།།
འཆར་ཡན་བྲིས་པའི་རི་མོ་ཚིག་ལ་བསྡེབས་ནས།།
དབྱར་གྱི་རོལ་དབྱངས་སྙན་མོ་ཀུན་ཏུ་གྲོལ་ལོ།།
༼ སྨྱུ་གུ་ཕྲ་མོ། ༽
