ནམ་མཁའ་དྭངས་དྭངས་ཉི་འོད་
ཀྱུག་ཀྱུག་ཡིད་ཀྱི་ཞོགས་པའི་
འཛུམ་ཞལ་བཞད།།
མེ་ཏོག་ཀྲིག་ཀྲིག་ཟིལ་པ་ཁྲུམ་ཁྲུམ་
འདྲེན་བྱེད་དགའ་མའི་
བརྟན་པ་འཕྲོགས།།
བྱ་བྱིའུ་དིར་དིར་མགྲིན་དབྱངས་སྙན་
སྙན་སྒྲ་འཛིན་ངོམས་པའི་དྲན་པ་ཉམས།།
སྨུག་སྤྲིན་ལང་ལོང་རླུང་བུ་འཇམ་འཇམ་ གནམ་ས་གཙང་མས་
དབུགས་དབྱུང་སྟེར།།
དབྱར་གཞུང་མཛེས་མཛེས་ནེའུ་
གསིང་ལྷུག་ལྷུག་དུས་ཀྱི་ལང་ཚོའི་
མཛེས་དཔལ་རྫོགས།།
དམར་སེར་ལམ་ལམ་དཀར་སྔོ་ཤིག་ཤིག་
ཆུ་སྐྱེས་འདབ་མས་བྲོ་གར་རྩེན།།
གཡུ་སྦྲང་ཟ་ཟི་ཕྱེ་ལེབ་ལྡེམ་ལྡེམ་
གཤོག་ལྡན་དགའ་སྟོན་ཅི་ཡང་བརྟས།།
རི་སྐྱེས་ཚང་ཚིང་རི་དྭགས་འདུར་འདུར་
སྣོད་བཅུད་དགེ་བའི་རི་མོར་བཀྲ།།
གཙང་ཆབ་ལྷང་ལྷང་ཉ་མོ་འཁྱུག་འཁྱུག་
རླབས་ཕྲེང་མུ་ཏིག་དོ་ཤལ་འཆང་།།
སྤྲིན་སྔོན་ཡོམ་ཡོམ་འབྲུག་སྒྲ་ལྡིར་ལྡིར་
སྦྲང་ཆར་བསིལ་མའི་ཤག་སྒྲ་སྙན།།
འཇའ་ཚོན་ཁྲ་ཁྲ་མིག་ཟུང་རིག་
རིག་ལན་གཅིག་བལྟས་པས་ཡིད་མི་མགུ།།
མཚམས་སྤྲིན་ལྷོག་ལྷོག་ས་སྲོས་རབ་རིབ་
དྲན་གདུང་མོད་པའི་དུས་ཚིགས་ཤིག།
ལྷན་འཛོམས་སྤྲོ་སྤྲོ་དགའ་འཛུམ་
བསླུག་བསླུག་སྤང་གཤོངས་
ཡངས་མོའི་གདན་སྟེང་ནས།།
ཞབས་བྲོ་ལྡེམ་ལྡེམ་གླུ་དབྱངས་
སིང་སིང་རྩེད་འཇོའི་སྣང་བས་གློ་བ་དགའ།།
སྙིང་གཏམ་མང་མང་དགོད་སྒྲ་ལྷང་ལྷང་
ཚ་དྲོད་སྙོམས་པའི་གྲིབ་བསིལ་འོག།
ཁ་ལ་ཞིམ་ཞིམ་ཁོག་ལ་བདེ་བདེ་བཟའ་བཏུང་ ཕུན་ཚོགས་ཅི་དགར་རོལ།།
༼ ཨ་བཙུན་གཡུང་དྲུང་བཀྲ་ཤིས། ༽
